ཟླ་དགུ་བའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་གཅིག་པས་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཡར་སྐུལ་ བྱ་བའི་ཐད་ལ་ཆེད་དོན་འདྲི་གཅོད་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུའི་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མ་ཝེ་དང་། ཀའོ་ཧྭ། ལིའུ་ཐུན་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་དང་དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཚོགས་འདུར་ཞུགས། ཀའོ་ཧྭ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད།
ཀྲང་ཀོང་རུང་གིས་བསྟན་དོན། ལས་ཞུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་རིམ་གལ་ཆེན་ཞིག་ཡིན་པས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ལས་ཞུགས་ལས་དོན་ཐད་གནས་པའི་ཞན་ཆ་དང་ཚོད་འཛིན་རྒྱུ་རྐྱེན་ལ་རྩད་གཅོད་དང་མཐོང་ཆེན་བྱེད་པ་དང་། ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ལས་ཞུགས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གསོ་སྦྱོང་གི་ཐོན་ཁུངས་ཇེ་ལེགས་སུ་གཏོང་བ། ལས་ཞུགས་ཀྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། ལས་ཞུགས་དཔེ་མཚོན་གསོ་སྐྱོང་བྱེད་པ་དང་མཉམ་ཤུགས་མཁྲེགས་གཏོར་ལ་བརྟེན་ནས་ལས་ཞུགས་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། དངོས་ཡོད་ཀྱི་དམངས་ཚིས་ལས་གཞི་ཆེས་ཤོས་དག་ལག་བསྟར་ཡག་པོ་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།
དབྱང་ཀྲི་ཝུན་གྱིས་གཏམ་བཤད་བསྟན་དོན། ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ད་ཐེངས་ཀྱི་ཆེད་དོན་འདྲི་གཅོད་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཀྱི་ལང་གནས་ཇེ་བརྟན་དུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་དགོས། ལས་ཀའི་གཙོ་གནད་འབུར་ཐོན་དང་ སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ་ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྔར་བས་སྐུལ་འདེད་གཏོང་དགོས་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ།