རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དོན་གསུམ་པ་བསྡུས།
2020.10.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དོན་གསུམ་པ་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་གྲོས་ཚོགས་ལ་ཆེད་ཁེའི་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། ནར་སོན་མེད་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། ཕྱིར་གཏོང་དོ་དམ་ལམ་ལུགས་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་སྙན་ཞུ། རྒྱལ་དར་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། རྒྱལ་རྟགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ཕུལ། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་ཞིབ་བསམ་འཆར་གཞིར་བཟུང་སྟེ། འབྲེལ་ཡོད་འཆར་ཟིན་གྲོས་གཞིའི་བརྡས་གཅོད་མ་ཡིག་བཏོན། 

རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཡེ་སུའེ་ཡིས་གྲོས་ཚོགས་ནས་པཱ་སེར་སྤྱི་ཆིངས་འགོད་མཁན་གྱི་གྲོས་ཚོགས་ཐེངས་བཅུ་བཞི་བའི་གྲོས་ཆོད་ཨང་བཅུ་གཉིས་པ་ནས་པཱ་སེར་སྤྱི་ཆིངས་ཀྱི་ཟུར་གཏོགས་ནང་དོན་གཉིས་པ་དང་བརྒྱད་པ། དགུ་བ་བཅས་ཀྱི་བཟོ་བཅོས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ཕུའུ་ལུའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པུ་ལི་ཧྲི་རྒྱལ་བོའི་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག་བཅས་ཀྱི་གྲོས་ཞིབ་གནས་ཚུལ་དང་། ཆོག་མཆན་བཀོད་པའི་ཆོད་དོན་འཆར་ཟིན་གྱི་ཚབ་བྱེད་མ་ཡིག་སྐོར་གྱི་སྙན་ཞུ་ཕུལ། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཆེད་དོན་ཨུ་ཡོན་ལྷན་ཁང་གསུམ་གྱི་འཐུས་མིའི་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུའི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། འཐུས་མི་ལ་ལའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ། བསྐོ་འཐེན་ཇུས་གཞིའི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ཕུལ། 

ཨུ་ཡོན་ཀྲང་གྲོས་ཚོགས་ནས་གོང་གི་འཆར་ཟིན་གྲོས་གཞིའི་བརྡས་གཅོད་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།