རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་གཉིས་པ་བསྡུས།
2020.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

ཉེ་ལམ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་ཁོངས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་མཚོ་ཁོངས་ལ་སེམས་ཁུར་བྱེད་པ་དང་མཚོ་ཁོངས་ལ་ངོས་འཛིན་གསལ་བོ་བྱེད་པ། མཚོ་ཁོངས་ལ་ཇུས་འགོད་བདག་གཉེར་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱེད་པ། སྐམ་ས་དང་མཚོ་ཁོངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། མཚོ་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མཚོ་ཁོངས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་། ཨུ་ཡོན་དང་ཆེད་མཁས་པ། ཤེས་ཡོན་ཅན་བཅུ་གཅིག་གིས་མཚོ་ཁོངས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། ཚན་རྩལ་གསར་སྐྲུན། བཅོས་སྐྱོང་མ་ལག རྒྱལ་སྤྱིའི་མཉམ་ལས་སོགས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་འཁྲི་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་སྤེལ། ཚང་མས་བལྟས་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་མཚོ་ཁོངས་ལས་དོན་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ནའང་མཚོ་ཁོངས་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་བྱས་པ་དེ་འདྲ་ཞིབ་ཚགས་མིན་པ་དང་མཚོ་ཁོངས་ཐོན་ལས་ཀྱི་གནད་འགག་ལག་རྩལ་མི་སྣར་ཚོད་འཛིན་ཐེབས་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པར་སྙམ།

ཨུ་ཡོན་རྣམས་ཀྱིས་མཚོ་ཁོངས་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བྱེད་རྒྱུ་དེ་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་དུ་བརྩིས་ཏེ། ནང་ཁུལ་གྱི་མཚོ་ཁོངས་དང་ཐག་ཉེ་རིང་གི་མཚོ་ཁོངས་བཀོད་སྒྲིག་དང་དུས་སྐབས་ཉེ་རིང་འབྲིང་གསུམ་གྱི་བཀོད་སྒྲིག་ལ་ཡོངས་ཁྱབ་ཏུ་བསམ་གཞིགས་བཏང་ནས། མཚོ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། མཚོ་ཁོངས་དོ་དམ་དང་གསར་སྤེལ། སྲུང་སྐྱོབ་བཅས་ལ་སྡེ་ཁག་མང་ཡང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། མཚོ་ཁོངས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་། གྲོགས་པོ་བཟང་བོའི་འབྲེལ་བ་སྲ་བརྟན་དང་རྒྱ་བསྐྱེད་ནས། རྒྱལ་ཁབ་ཀྱི་མཚོ་ཁོངས་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པའི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་བརྗོད་དོན་གཏམ་བཤད་སྤེལ་ཞིང་། རང་བྱུང་ཐོན་ཁུངས་པུའུ་ཡི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱི་འགན་འཁུར་བས་གླེང་མོལ་བརྗེ་རེས་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།