རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་པེ་ཅིང་ནས་བསྡུས། 
2021.02.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡི་མགོ་འཛིན་མཛད། 

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཞིག་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་བསྡུ་བར་གྲ་སྒྲིག་བྱེད་པ་དེ་ཡིན། གྲོས་ཚོགས་ཀྱི་གྲོས་རིམ་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱེད་པ་དང་། ཨུ་ཡོན་ཀྲང་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་གྲོས་རིམ་འཆར་ཟིན་དང་ཀྲུའུ་ཞི་ཚོགས་པ། དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་བཅས་གྲོས་གཞིར་གྲོས་ཞིབ་བྱས། 

ཁྲལ་བསྡུའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཁྲལ་བསྡུའི་བཅའ་ཁྲིམས་རྩ་དོན་དངོས་འབེབ་བྱེད་པ། ཁྲལ་བསྡུའི་གཏན་འཁེལ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། རང་དབང་གི་བརྡར་གཅོད་དབང་ཆ་ཇེ་ཉུང་དུ་བཏང་སྟེ་ཁྲལ་བསྡུའི་དོ་དམ་སྔར་ལས་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡོང་བར་བྱེད་པ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲལ་བསྡུའི་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གྲོས་གཞི་བཏོན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངག་བཅོལ་ལྟར། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིག་ཁོན་གྱིས་གསལ་བཤད་བྱས། 

ན་ནིང་ཟླ་ལྔ་བ་ནས་ཟླ་བདུན་པའི་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་འགལ་ཉོ་ཚོང་དང་ཁ་ཟས་སུ་བྱེད་པ་གཏན་འགོག་བྱེད་པའི་ཆོད་དོན་དང་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་བྱེད་པར་རྩ་འཛུགས་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ནས་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་དེའི་སྙན་ཞུར་གསན་ནས་གྲོས་ཞིབ་བྱས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངག་བཅོལ་ལྟར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཀོན་ཀྲི་ཨིག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་དེའི་སྙན་ཞུ་དང་གྲོས་ཞིབ་ཀྱི་བསམ་འཆར་གནས་ཚུལ་ཞིབ་འཇུག་ཐག་གཅོད་བྱེད་པའི་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུ་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་སྙན་ཞུ་དང་གྲོས་ཞིབ་བསམ་འཆར་གཞིར་བཟུང་ཐོག བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ལ། མུ་མཐུད་དུ་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། 

དམངས་དོན་ཞུ་གཏུག་ལམ་ལུགས་ལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་ནི་དུས་རབས་གསར་བའི་མི་དམངས་མང་ཚོགས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་ཁྲིམས་འཛིན་དགོས་མཁོ་བསྐང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། གྲོས་ཚོགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཕུལ་བའི་དམངས་དོན་ཞུ་གཏུག་ལམ་ལུགས་ཀྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་བའི་ཡན་ལག་བཅོས་བསྒྱུར་ཚོད་ལྟའི་གནས་ཚུལ་སྐོར་གྱི་དུས་འབྲིང་གི་སྙན་ཞུར་གསན། སྙན་ཞུ་ལས་ཚོད་ལྟའི་བྱ་བ་སྤེལ་བའི་གནས་ཚུལ་དང་དུས་རིམ་རང་བཞིན་གྱི་ཕན་འབྲས་མཚམས་སྦྱོར་བྱས། 

གྲོས་ཚོགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཡུས་ལིང་གིས་ཕུལ་བའི་འཐུས་མི་རེ་འགའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གསན། 

གྲོས་ཚོགས་ནས་ད་རུང་འབྲེལ་ཡོད་ཀྱི་བསྐོ་འཇོག་གྲོས་གཞི་སོགས་ལ་གྲོས་ཞིབ་བྱས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།