རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པས་ཚན་ཆུང་དགར་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱས། 
2021.02.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་ཚན་ཆུང་དགར་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས། 

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་གིས་གཅིག་གྱུར་སྒོས་བལྟས་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པར་རྒྱུན་འཁྱོངས་བྱས་ཤིང་། ནན་ཏན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམ་པོར་དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་བའི་འགན་འཁྲི་ལག་བསྟར་གང་ལེགས་བྱས་པས་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད། ཧུར་ཐག་སྒོས་འཐུས་མིའི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱུན་ཆད་མེད་པར་འཐུས་མི་དང་མི་དམངས་མང་ཚོགས་འབྲེལ་འདྲིས་བྱེད་པའི་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དམངས་ཆེན་འཐུས་མིས་མི་དམངས་ལ་རྐང་བཙུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྱད་སྟོབས་དང་ཁྱད་ཆོས་གསལ་རྗེན་དུ་མངོན་པར་བྱས་ཡོད། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་བའི་འགན་འཁྲི་སྣ་ཚོགས་ཁུར་དུ་ལེན་པའི་བྱ་བའི་ལས་ཁུངས་སུ་འགྱུར་བ་དང་། མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པའི་འཐུས་མིའི་ལས་ཁུངས་སུ་འགྱུར་བར་བྱས་ཡོད་པར་འདོད། 

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་གིས་སྙན་ཞུའི་མ་ཡིག་ལ་གཟེངས་བསྟོད་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་ཡིད་འཐད་བྱུང་། 

ཚོགས་ཞུགས་མི་སྣ་དག་གིས་སྙན་ཞུའི་མ་ཡིག་ལ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་བསམ་འཆར་དང་གྲོས་གཞི་བཏོན། ཚང་མས་གཅིག་གྱུར་སྒོས་བསྟན་དོན། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཤིང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་སྐོན་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་མཐོར་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་མགོ་ཁྲིད་བྱེད་པ་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོབ་བྱེད་པ་བཅས་ཟུང་འབྲེལ་དང་གཅིག་གྱུར་བྱས་ནས། འགན་འཁྲི་ལག་བསྟར་ནན་མོ་དང་བྱ་བར་ཁག་ཁུར་ཡོད་པའི་སྒོ་ནས་དམངས་ཆེན་བྱ་བའི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།