རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་པེ་ཅིན་ནས་གྲོལ།
ཚོགས་ཐོག་ནས་རྩ་དོན་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་དྲུག་པ་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྱིས་གྲོས་ཚོགས་ལ་འགོ་མཛིན་མཛད།
ཚོགས་ཐོག་ནས་རྩ་དོན་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ལ་གྲོས་འཆམ་བྱུང་བ་མ་ཟད། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་བྱ་བའི་སྙན་ཞུ་འབུལ་རྒྱུའི་མངག་བཅོལ་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། ཝང་ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས་པ་དང་། ཀྲིན་ཝེ་ཕིང་རྒྱལ་ཡོངས་དམངས་ཆེན་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བདམས་ལ། ཀྲའོ་ཙུང་ཆི་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བདམས།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། ཡུས་ཧོང་ཆིག་དང་ཧྥུའུ་ཁུའེ་གཉིས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བདམས།
ཚོགས་ཐོག་ནས་ད་དུང་བརྡས་ཐག་བཅད་པ་བརྒྱུད་དེ་འབྲེལ་ཡོད་བསྐོ་འཐེན་ཇུས་གཞིར་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་རྒྱུའི་རེ་ཞུ་བཏོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཟུར་ཞུགས་མི་སྣའི་མིང་ཐོ་སོགས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་འབྲེལ་ཡོད་བརྡས་གཅོད་བྱ་བ་དག་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་།
ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་མ་ཟིན་སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་བསྡུ་བར་གྲ་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་བློ་མཐུན་ཚོས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་མ་ཟིན་ལ་ཡོངས་ཁྱབ་ནས་འཐད་པ་བྱུང་། གྲོས་ཞིབ་ཁྲོད་བཏོན་པའི་གྲོས་གཞི་དང་བསམ་ཚུལ་ལ་རིམ་པ་བཞིན་དབྱེ་ཞིབ་བྱེད་པ་དང་། སྙན་ཞུའི་མ་ཟིན་ལ་དག་བཅོས་ལེགས་བཅོས་བྱས་ཏེ། གོ་རིམ་ལྟར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་དགོས་ཟེར།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཚོགས་ཐོག་ནས་ཐོག་མར་དཔེ་རིས་ཀྱི་པར་བཏབ་ཡོད་པའི་དཔྱ་ཁྲལ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་ཞིབ་གྲོས་གཞི་དང་ཕྱོགས་སོ་སོའི་གྲོས་གཞི་ལ་ཞིབ་འཇུག་ནན་མོ་བྱེད་ན། འཆར་ཟིན་ལ་བཟོ་བཅོས་སྔར་ལས་བཟང་བོ་བྱེད་དགོས། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་ཁེལ་གཅིག་དང་བཅའ་ཁྲིམས་གཅིག་གི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་དང་གྲོས་ཞིབ་གྲོས་གཞིའི་གནས་ཚུལ་ལ་ཞིབ་འཇུག་ཐག་གཅོད་བྱེད་པའི་སྐོར་གྱི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་དམངས་དོན་ཞུ་གཏུག་རྒྱུད་རིམ་རྙོག་བདེ་རིགས་བགོ་བཅོས་བསྒྱུར་ཚོད་ལྟ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས། སྙན་ཞུ་དེ་གཉིས་ལ་ཉན་པ་དང་གྲོས་ཞིབ་བྱས་པ་ནི་དེའི་སྔོན་གྱི་འབྲེལ་ཡོད་བྱ་བར་རྗེས་འདེད་དང་གྲུབ་འབྲས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དེ་ཡིན་ཟེར།
ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། མི་འགྱངས་བར་བསྡུ་རྒྱུ་ཡིན་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་རྩོམ་དུས་རིམ་དུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བརྗོད་སྙིང་ལ་དམིགས་ནས་གྲོས་ཞིབ་ནན་མོ་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྨོན་མཚོན་པར་བྱེད་དགོས། ཡིད་ཆེས་བརྟན་པ་དང་མི་སེམས་འགུལ་བ། དམངས་སེམས་གཅིག་ཏུ་བསྡུས་པའི་གྲོས་ཚོགས་ཀྱི་སྣང་ཚུལ་དང་གླེང་ཕྱོགས་ཀྱི་སྣང་ཚུལ་བསྐྲུན་པ་དང་། དུས་ཐོག་དང་ཡང་དག་པ། ཁྱོན་ཡོངས་ནས་འཐུས་མིའི་གྲོས་གཞི་དང་གྲོས་ཚོགས་གནས་ཚུལ་བརྒྱུད་སྒྲོག་བྱས་ཏེ། ཅི་དྲན་ལྷུག་གླེང་དང་རྒྱལ་ཇུས་མཉམ་གླེང་། འཕེལ་རྒྱས་ལ་མཉམ་གྲོས་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་དགོས། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོས། གྲོས་ཚོགས་ཀྱི་རྩ་འཛུགས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། ཤུགས་ཡོད་རྒུས་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ། ཚོགས་ཆེན་བདེ་བླག་ངང་བསྡུ་བ་དང་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དེ་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཏུ་བསྡུ་དགོས་ཟེར།
གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་གཉིས་པ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད། ཕྱི་འབྲེལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀའོ་ཧྥེ་ཡིས་ཁ་བྱང་ལ་རྒྱལ་སྤྱིའི་རྩ་འཛུགས་དང་འཛམ་གླིང་བཅོས་སྐྱོང་ཞེས་པའི་འཆད་ཁྲིད་གནང་།
ཆེད་དོན་འཆད་ཁྲིད་རྗེས་སུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། བསྐོ་འཇོག་བྱེད་རྩིས་ཡོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཀྲང་གིས་ཁྲིམས་ལྟར་རྩ་ཁྲིམས་དམ་བཅའ་བཞག
ལོ་ཙཱ་བ། རིན་ཆེན་མཚོ།