མཚོ་སྔོན་ཟི་ལིང་གི་བཟའ་བཏུང་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བསྐྱར་འཛུགས་བྱས།
2020.02.23 ཁུངས། ཀློག་གྲངས། 6

   གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཉེ་བའི་ཉིན་གཉིས་ཀྱི་རིང་། མཚོ་སྔོན་ཟི་ལིང་གི་བཟའ་བཏུང་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བསྐྱར་འཛུགས་བྱས་ཤིང་། འགོས་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ལས་འགོ་བསྐྱར་འཛུགས་བྱས་པའི་བཟའ་བཏུང་ཁེ་ལས་ལ་ཟ་མ་ཕྱིར་སྐྱེལ་དང་དྲ་ཐོག་ནས་འཚོང་བ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་ལས། ཟ་ཁང་ནང་ནས་ཟ་མ་རོལ་མི་ཆོག་པར་གཏན་འཁེལ་བྱས་ཡོད་པས། འཛད་སྤྱོད་པས་དྲ་ཐོག་གམ་ཡང་ན་ཟ་ཁང་དུ་སོང་ནས་རང་ཉིད་དགའ་བའི་ཟས་རིགས་ཉོ་ཆོག་པ་རེད།

ཟི་ལིང་གྲོང་ཁྱེར་གྱི་ལས་འགོ་བསྐྱར་འཛུགས་བྱས་ཟིན་པའི་ཟ་ཁང་ཞིག་གི་འགན་འཁུར་བ་ཝུའུ་ཁྲུན་ལཱེ་ཡིས་གསར་འགོད་པར་བཤད་རྒྱུར།  ང་ཚོས་སྐུ་མགྲོན་ལ་ལུས་དྲོད་འཇལ་བ་དང་དུག་སེལ་བྱེད་པ། མིང་དང་སྡོད་གནས་སོགས་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས་པ་དང་། ཁ་ཐུམ་བརྒྱབ་མེད་པའི་མི་ཟ་ཁང་ནང་ཡོང་མི་ཆོག་ཟེར།  

ལས་འགོ་བསྐྱར་འཛུགས་བྱས་རྗེས་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་དོན་མི་སྣ་མངགས་ནས་མཛུབ་སྟོན་གནང་བ་དང་། གཉེར་སྐྱོང་དུད་ཚང་ལ《བཟའ་བཏུང་ཞབས་ཞུའི་ཟས་རིགས་བདེ་འཇགས་བཀོལ་སྤྱོད་ཚད་གཞི》དང་རིམས་ནད་འགོག་སྲུང་གི་བླང་བྱ་ཁག་ནན་ཏན་གྱིས་དོན་འཁྱོལ་སྒོས་ལས་བཟོ་བ་སོང་ས་བསྡད་སའི་ཆ་འཕྲིན་ཞིབ་ཚགས་བཟོས་ཏེ་ཉིན་ལྟར་ལས་བཟོ་བ་དང་འགྲོ་འོང་བྱེད་མཁན་ཚང་མའི་ལུས་དྲོད་འཇལ་བ་དང་དུག་སེལ་བྱས་ཏེ་ཟིན་ཐོར་འགོད་དགོས་པ་དང་།   ལྷག་པར་མི་ཚོགས་འདུ་སའི་གཙོ་གནད་ས་ཁོངས་སུ་ཉིན་ལྟར་གནས་ཚུལ་སྙན་སེང་ཞུ་བ་བཅས་ལ་སྐུལ་འདེད་ཀྱིས་ལས་འགོ་བསྐྱར་ཚུགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབས་ཏེ་བདེ་འཇགས་ལ་འགན་ལེན་ཁག་ཐེག་བྱས།

ཟི་ལིང་གི་གྲོང་མི་སྐུ་ཞབས་ལི་ལགས་ཀྱིས་བཤད་རྒྱུར།  ཉིན་གཉིས་ལ་བསྟུད་མར་ལས་འགོ་བསྐྱར་ཚུགས་བྱས་རྗེས་འཚོ་བ་སྟབས་ཇེ་བདེ་རུ་ཕྱིན་སོང་། ད་ལྟ་ནི་དམིགས་བསལ་གྱི་དུས་སྐབས་ཡིན་པས་ལས་འགོ་བསྐྱར་འཛུགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབས་པའི་རེ་བ་ཡོད་ཟེར།