རང་ཞིང་གི་རྨོ་འདེབས་བྱ་བ་བ་མིན་ཧོ་དང་གཅན་ཚ། ཁྲི་ཀ ལི་ཏུའུ་སོགས་ཆུ་མ་ས་ཁུལ་ནས་རིམ་པ་བཞིན་མགོ་བརྩམས།
2020.02.24 ཁུངས། ཀློག་གྲངས། 23

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན།  མིག་སྔར། རང་ཞིང་གི་རྨོ་འདེབས་བྱ་བ་མིན་ཧོ་དང་གཅན་ཚ། ཁྲི་ཀ ལི་ཏུའུ་སོགས་ཆུ་མ་ས་ཁུལ་ནས་རིམ་པ་བཞིན་མགོ་བརྩམས།

མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱི་ཐིན་ཀྲང་ཀཱོང་ཨཱེ་ཆིས་ཀྱིས་བསྟན་དོན། ཞིང་ལས་སྐྱེ་དངོས་སྣ་ཚོགས་ཀྱི་ས་བོན་སྤྱི་རྒྱ་ཁྲི3080གྲབས་གསོག་བྱས་ཡོད་པ་དང་། སོན་འདེབས་ཁེ་ལས27གྱིས་ལས་འགོ་བསྐྱར་འཛུགས་བྱས་ནས་ས་བོན་མཁོ་འདོན་དང་གཏོང་འདྲེན་བྱེད་བཞིན་ཡོད་པས་རྨོ་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་།  རྫས་ལུད་སྣ་ཚོགས་ཏུན་ཁྲི13ལྷག་ལེགས་སྒྲིག་གསོག་འཇོག་བྱས་ཡོད་པར་མ་ཟད། རྗེས་མཐུད་མཁོ་དངོས་མུ་མཐུད་དུ་ནང་འདྲེན་བྱེད་བཞིན་ཡོད་པས། ས་ཁུལ་སོ་སོའི་ཞིང་སྤྱོད་དངོས་རྫས་གཏོང་གསོག་འདང་ངེས་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན།  ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་།  རང་ཞིང་གི་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ། ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབས་པ་དང་།  ཕྱོགས་གཅིག་ནས་རྨོ་འདེབས་གྲ་སྒྲིག་བྱ་བ་ཚགས་སུ་ཆུད་པ་བྱས་ནས།  ཞིང་ཐོན་དངོས་རྫས་ཐོན་སྐྱེད་བརྟན་པོ་དང་མཁོ་འདོན་འགན་ལེན་བྱས་པར་མ་ཟད། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སོགས་གཙོས་པའི་ཞིང་འབྲོག་ཐོན་སྐྱེད་བྱ་བར་འཐུས་ཤོར་མེད་པ་བྱས།

དེ་དང་ཆབས་ཅིག ཞིང་ཐོན་དངོས་རྫས་མཁོ་འདོན་ཁག་ཐེག་སྒོས་ཁྲོམ་རའི་རིན་གོང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ཅིང་། ཞིང་ཐོན་དངོས་རྫས་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་བྱེད་པ། ཐོན་སྐྱེད་ཐད་ལ་མཛུབ་སྟོན་གནང་བ། ཐོན་ཚད་ཇེ་མང་དུ་གཏོང་བ་བཅས་བྱས་པ་དང་།  ལྷག་པར་ཟི་ལིང་ས་ཁུལ་ནས་ཚལ་རིགས་ལེགས་འདེམས་དང་།  ཤ་རིགས་མཁོ་འདོན། ཁྲོམ་རའི་རིན་གོང་བརྟན་འཇགས་བཅས་ལ་འགན་ལེན་ཁག་ཐེག་བྱས།   མིག་སྔར།  ས་ཁུལ་སོ་སོའི་ཁྲོམ་རའི་ནང་ཚལ་སྣ་ཕུན་སུམ་ཚོགས་ལ་མཁོ་འདོན་འདང་ངེས་ཡོད།

གོམ་སྟབས་རྗེས་མར།  ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་གཞིར་བཟུང་ནས། ཁུལ་དབྱེ་རིམ་དགར་དང་གནད་སྨིན་ཇུས་འདོན་གྱིས་རིམས་ནད་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབས་པའི་རྨང་གཞིའི་སྟེང་། ཞིང་བ་མང་ཚོགས་དང་འབྲེལ་ཡོད་ཁེ་ལས་ལ་སྐུལ་སློང་དང་མཛུབ་སྟོན་སྒོས་རྨོ་འདེབས་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབ་རྒྱུ་ཡིན་ལ།  ལས་བྱེད་མི་སྣ་དང་ལག་རྩལ་མི་སྣ་ཐོན་སྐྱེད་འཐབ་ས་དང་པོར་བསྐྱོད་ནས་ཞིབ་བཤེར་དང་འཛུབ་སྟོན་གྱིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། ཞིང་འབྲོག་ཁེ་ལས་ཀྱིས་གང་མགྱོགས་ངང་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་དང་།   ཆེད་ལས་མཉམ་ལས་ཁང་དང་། འདེབས་འཛུགས་དུད་ཁྱིམ་ཆེ་གྲས།  ཞིང་ཁྱིམ་དཀྱུས་མའི་ཞིང་ར་བཅས་གོ་རིམ་ལྡན་པའི་ངང་ལས་འགོ་རྩོམ་པར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོའི་ནང་ལོ་ལེགས་སྨིན་ནས་ཞིང་བའི་ཡོང་འབབ་འཕར་སྣོན་ཡོང་བར་བརྩོན་ལེན་བྱ་རྒྱུ་རེད།