མཚོ་སྔོན་གྱིས་ཁེ་ལས་ཆུང་འབྲིང་ལ་དངུལ་བུན་གཏང་རྒྱུ་རེད།
2020.02.25 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 42

རང་རེའི་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་གི་རྒྱུན་མཐུད་དངུལ་བུན་འཁོར་རྒྱུག་མ་དངུལ་གནས་སྐབས་ལག་བསྟར་གྱི་དོ་དམ་བྱེད་ཐབས(གཤམ་ནས“བྱེད་ཐབས”ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་ཏེ། ཁེ་ལས་ཆུང་འབྲིང་གིས་དངུན་བུན་ལེན་དཀའ་བ་དང་མ་གནས་མཐོ་བ། དུས་ཡུན་རིང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། ཁེ་ལས་ཆུང་འབྲིང་གི་ལས་འགོ་བསྐྱར་ཚུགས་དང་བཟོ་ལས་འཁོར་སྐྱོད་བརྟན་བརླིང་ཡོང་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱ་རྒྱུ་རེད།

《བྱེད་ཐབས》ནང་མ་དངུལ་འཁོར་སྐྱོད་ཚོང་གཉེར་མ་དཔེ་དང་རེ་ཞུའི་ཆ་རྐྱེན། བཀོལ་སྤྱོད་དོ་དམ། ཉེན་འགོག་ཚོད་འཛིན་སོགས་ཀྱི་ནང་དོན་གསལ་པོར་བཏོན་ཡོད།

གཅིག འཁོར་སྐྱོད་ཚོང་གཉེར་མ་དཔེ་གཏན་འཁེལ་བྱེད་པ།

ཞིང་ཆེན་ནོར་སྲིད་ཐིན་གྱིས་སྒོར་ཁྲི5000ཡི་ཁེ་ལས་ཆུང་འབྲིང་གི་དངུལ་བུན་འཁོར་རྒྱུག་མ་དངུལ་དངུལ་མཛོད་ཅིག་བཙུགས་ནས། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་དངུལ་གཏོང་དོ་དམ་ཀུང་ཟིར་ལོ5ཡི་མ་དངུལ་མངག་བཅོལ་དོ་དམ་ཆིངས་ཡིག་བཞག་སྟེ། མངག་བཅོལ་ཀུང་ཟི་ཡིས་རྒྱུན་མཐུད་དངུལ་བུན་མ་དངུལ་འཁོར་རྒྱུག་གི་བདེ་འཇགས་དོ་དམ་ལ་འགན་འཁུར་དགོས་པ་རེད།

གཉིས། བཀོལ་སྤྱོད་ཆ་རྐྱེན་གཏན་འབེབས་བྱེད་པ།

རྒྱུན་མཐུད་དངུལ་བུན་ལེན་པའི་ཁེ་ལས་ངེས་པར་དུ་ཁེ་ལས་བཙུགས་ནས་ལོ་གཅིག་གི་ཡན་ལ་ཚོང་གཉེར་བྱས་པ་དང་། འཕེལ་རྒྱས་རང་བཞིན་ལྡན་པ། ཁེ་ལས་ཚོང་གཉེར་གྲུབ་འབྲས་ཀྱི་དོན་དངོས་ཆ་འཕྲིན་དང་ནོར་དོན་རེའུ་མིག་འདོན་སྤྲོད་ཐུབ་པའི་ཁེ་ལས། མཉམ་འབྲེལ་དངུལ་ཁང་གི་རྒྱུན་མཐུད་དངུལ་བུན་བླངས་ཆོག་པའི་ཁས་ལེན་ཡིག་ཆ་བླངས་ཟིན་པའི་ཁེ་ལས། ཡོད་རྟོན་ཟིན་ཐོ་ཅུང་ལེགས་པ། དེ་སྔ་དངུལ་བུན་སྤྲོད་པའི་དུས་ཡོལ་མེད་པ། ཚོང་གཉེར་གནས་ཚུལ་བཟང་བ། ཁྲིམས་འགལ་སྒྲིག་འགལ་གྱི་ཟིན་ཐོ་མེད་པ། གཏུག་བཤེར་གྱོད་དོན་དང་དངུལ་བུན་གཏོང་ལེན་རང་བཞིན་གྱི་གྱོད་དོན་མེད་པ། ཡིད་རྟོན་མེད་པའི་ལག་བསྟར་མི་ཡི་གྲས་སུ་བཞག་མེད་པའི་རིགས་བཅས་ཡིན་དགོས་པ་རེད།

གསུམ། བཀོལ་སྤྱོད་དོ་དམ་ལ་ཤུགས་སྣོན་བྱེད་པ།

ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་ནམ་རྒྱུན་གྱི་མ་དངུལ་འཁོར་རྒྱུག་ཚོང་གཉེར་བྱ་བར་མཛུབ་སྟོན་ལྟ་སྐུལ་གྱི་འགན་འཁུར་དགོས་པ་དང་། འཁོར་རྒྱུག་ཚོང་གཉེར་ལས་ཁུངས་དང་མཉམ་འབྲེལ་དངུལ་ཁང་གིས་དངུལ་བུན་རེ་ཞུ་རྒྱག་མཁན་ཁེ་ལས་ཀྱི་རྟོག་ཞིབ་བྱ་བར་འགན་འཁུར་དགོས་པ་རེད།

བཞི། ཉེན་འགོག་ཚོད་འཛིན་ལ་ཤུགས་སྣོན་བྱེད་པ།

《བྱེད་ཐབས》ནང་འཁོར་རྒྱུག་ཚོང་གཉེར་གྱི་བདེ་འཇགས་སྒྲིག་གཞི་བཙུགས་ནས། དངུལ་བུན་བཏང་རྗེས་གན་རྒྱའི་དུས་ཚོད་ལྟར་ཕྱིར་བསྡུ་མ་ཐུབ་ཚེ། ཐོག་མར་འཁོར་རྒྱུག་ཚོང་གཉེར་ལས་ཁུངས་ཀྱི་ཉེན་འགོག་གྲ་སྒྲིག་མ་དངུལ་གྱིས་ཚབ་འཇལ་བྱ་དགོས་ཤིང་། ཚབ་འཇལ་མི་འདང་བའི་ཁག་ཅིག་འཁོར་རྒྱུག་ཚོང་གཉེར་ལས་ཁུངས་ཀྱིས་བསྡུས་པའི་སྒོར་ཁྲི1000སྤྱད་ནས་ཚབ་འཇལ་བྱ་དགོས། དངུལ་བུན་ཕྱིར་བསྡུ་དགོས་ཀྱང་མ་བསྡུས་པར་དངུལ་བུན་གྱི་སྒོར་གྲངས་དེ་འཁོར་རྒྱུག་ཚོང་གཉེར་ལས་ཁུངས་ཀྱིས་བསྡུས་པའི་བསྡོམས་སྒོར་ཁྲི1000ལས་བརྒལ་ཚེ། མྱུར་དུ་དངུལ་བུན་གཏང་མཚམས་འཇོག་དགོས་པར་མ་ཟད། སྐྱིན་ཚབ་བདའ་འདེད་བྱ་དགོས་པ་དང་། སྐྱིན་ཚབ་སྤྲད་པའི་གནས་ཚུལ་ལ་བལྟས་རྗེས་མུ་མཐུད་དུ་ཚོང་གཉེར་བྱ་ཆོག་མིན་ཐག་གཅོད་བྱ་དགོས་པ་རེད།