རིམས་འགོག་དུས་སྐབས་ཀྱི་རྨོ་འདེབས་བྱ་བ་སྔར་བཞིན་བྲེལ་བ་ཆེ།
2020.02.26 ཁུངས། ཀློག་གྲངས། 20

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན་ནས་བཟུང་། རྨ་ལྷོ་ཁུལ་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་གྱིས་སྐྱེ་ལྡན་ལུད་རྫས་ཏུན997འདྲེན་གཏོང་བྱས་ཏེ། ཆུ་མ་ས་ཁུལ་གྱི་རྨོ་འདེབས་གྲ་སྒྲིག་གི་བྱ་བ་བདེ་བླག་ངང་སྤེལ་ཞིང་།  ཁ་རྒྱ་དང་། ཁྱུང་བོ། བཀའ་རྩེ་གདོང་གི་གྲོང་ཚོ་དག་གིས་སྔ་རྗེས་སུ་ཞིང་ས་མུའུ1200ལྷག་ལ་རྨོ་འདེབས་བྱས།

2020ལོར་ཐུན་རིན་རྫོང་གིས་ས་བོན་སྣ་ཚོགས་སྤྱི་རྒྱ་ཁྲི16.63གྲབས་གསོག་བྱས་ཏེ། ཞིང་ས་མུའུ་ཁྲི11.08ལ་རྨོ་འདེབས་བྱེད་པའི་འཆར་གཞི་བཀོད་ཡོད་ཅིང་།  ཞིང་བ་མང་ཚོགས་ཀྱིས་འདེབས་འཛུགས་བྱེད་བཞིན་པའི་ཤིང་འབྲས་དང་། ནས། ཞོག་ཁོག ཀྲུང་ལུགས་སྨན་རྫས། མ་རྨོས་ལོ་ཏོག གྲོ་མ། གཟན་རྩྭ་སོགས་ནི་ཐུན་རིན་རྫོང་གི་གཙོ་གནད་འདེབས་འཛུགས་སྐྱེ་དངོས་སུ་གྱུར་ཡོད།

ཐུན་རིན་རྫོང་ཞིང་འབྲོག་ཅུའུ་ཡི་ཅུའུ་ཀྲང་ཝུའུ་ཡུང་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལྗང་མདོག་གི་ཞིང་ལས་བདེ་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་ཐོན་འབབ་ཆེ་ཞིང་བདེ་འཇགས་ཡིན་ལ། གྲོན་ཆུང་ཐུབ་པའི་དེང་རབས་ཞིང་འབྲོག་ལས་རིགས་ཀྱི་ལམ་ཁ་སྔོག་འདོན་བྱ་ཆེད།  ད་ལོར་ཐུན་རིན་རྫོང་གིས་གཞི་རིམ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རྨོ་འདེབས་ལ་གྲ་སྒྲིག་བྱེད་སྟངས་དང་ལུད་རྫས་རྒྱག་སྟངས་སོགས་ཁྲིད་སྟོན་བྱས་ཤིང་། རྫོང་ཡོངས་ཀྱི་ཞིང་ས་མུའུ་ཁྲི8.3ལྷག་ལ་སྐྱེ་ལྡན་ལུད་རྫས་ཏུན1599.26མཁོ་འདོན་བྱས་ཡོད་ཟེར།

རིམས་ནད་འགོག་སྲུང་བྱ་བ་སྔར་བཞིན་ཛ་དྲག་ཏུ་གནས་པའི་དུས་སྐབས་འོག ཐུན་རིན་རྫོང་གིས་རིམས་ནད་འགོག་སྲུང་དང་ཞིང་འབྲོག་ཐོན་སྐྱེད“ཕྱོགས་གཉིས་ཀ་དམ་འཛིན་དང་འཐུས་ཤོར་མི་འགྲོ་བ”རྒྱུན་འཁྱོངས་བྱས་ཏེ།  མང་ཚོགས་ཀྱི་རྨོ་འདེབས་གྲ་སྒྲིག་ལ་ཁྲིད་སྟོན་བྱས་ནས་ད་ལོའི་རྨོ་འདེབས་བྱ་བར་རྨང་གཞི་ལེགས་པོ་བཏིངས།