གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། མཚོ་སྔོན་པོའི་ལྗོངས་ཁུལ་དེ་རིང་ནས་བཟུང་ཡང་བསྐྱར་སྒོ་འབྱེད་བྱས་ནའང་། ཁ་ཐུམ་སྔར་བཞིན་རྒྱག་དགོས་ལ་ལུས་དྲོད་ལའང་སྔར་བཞིན་བརྟག་དགོས།
མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་མཚོ་སྔོན་པོའི་ལྗོངས་ཁུལ་ཡང་བསྐྱར་སྒོ་འབྱེད་པའི་སྐོར་གྱི་བརྡ་སྦྱོར།
«མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏོག་གསར་གློ་ཚད་ཀྱི་ཁུལ་བགོས་རིམ་བགོས་གནད་ཁེལ་ཇུས་གཞི་བྱ་བའི་ཐབས་ཇུས་དཔར་འགྲེམ་དང་འབྲེལ་བའི་སྐོར་གྱི་བརྡ་སྦྱོར»(མཚོ་སྲིད[2020]ཨང18པ)ཡི་དགོངས་དོན་ལྟར། རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་པོའི་ལྗོངས་ཁུལ་ཡང་བསྐྱར་སྒོ་འབྱེད་པ་དང་འབྲེལ་བའི་བྱ་བ་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིག ཡང་བསྐྱར་སྒོ་འབྱེད་པའི་དུས་ཚོད།
2020ལོའི་ཟླ2པའི་ཚེས26ཉིན། ཉིན་རེའི་སྒོ་འབྱེད་དུས་ཚོད་ནི་སྔ་དྲོའི་དུས་ཚོད8:00ནས་ཕྱི་དྲོའི་དུས་ཚོད16:00བར་ཡིན།
གཉིས། ཚོང་གཉེར་ཁྱབ་ཁོངས་བསྐྱར་གསོ་བྱེད་པ།
མཚོ་སྔོན་པོའི་ནུ་ལྕེ་ལྗོངས་ཁུལ་དང་མཚོ་སྔོན་པོ་མགྲོན་ཁང་། ལྗོངས་ཁུལ་གྱི་རླངས་འཁོར་འཇོག་ས།
གསུམ། ཡུལ་སྐོར་བ་ཡོང་ཚད་ལ་ཚད་བཀག་བྱེད་པ།
ལྗོངས་ཁུལ་དུ་ཡུལ་སྐོར་བ་ཡོང་ཚད་ལྗོངས་ཁུལ་གྱི་ཉིན་རེེའི་ཐེག་ཚད་ཀྱི10%ལས་མི་བརྒལ་བ། (རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ནས་སྙོམ་སྒྲིག་བྱ་རྒྱུ)
བཞི། ལྗོངས་ཁུལ་གྱི་ལྟ་སྐོར་དོ་དམ་ཤེས་བྱ།
(གཅིག)འཛིན་བྱང་ཉོ་བའི་དོ་དམ། ཚོགས་པ་དང་རང་མོས་ཡུལ་སྐོར་བ་གང་ཡིན་ཡང་དྲ་ཐོག་ནས་འཛིན་བྱང་ཉོས་ཆོག་པ་དང་། འཛིན་བྱང་ཉོ་སྒྲུབ་བྱེད་པའི་ཁ་པར་ཨང་གྲངས། (0971-8068826;18297175893)འཛིན་བྱང་ཉོ་སྐབས་བླང་བྱ་ལྟར“རིམས་འགོག་ལམ་ཐིག་འདྲི་རྩད་ལག་རོགས”ཀྱི་བཤེར་རིས་དང“ཡིད་རྟོན་མཚོ་སྔོན”གྱི་བདེ་ཐང་བཤེར་རིས་གཉིས་བཤེར་རྗེས། «ཡུལ་སྐོར་བའི་ཆ་འཕྲིན་ཐོ་འགོད་རེའུ་མིག»བསྐང་དགོས་ལ། རང་ཉིད་ཀྱི་དངོས་མིང་གཏགས་ནས་འཛིན་བྱང་ཉོས་ཏེ། འབྲེལ་འདྲིས་མེད་ཀྱང་རྗེས་སྙེག་ཐུབ་པའི་འགྲོ་འོང་གི་ཐོ་འགོད་བྱ་སྟངས་མངོན་འགྱུར་བྱ་དགོས།
(གཉིས) ལྗོངས་ཁུལ་དུ་བསྐྱོད་པའི་དོ་དམ། བྱེ་བྲག་གི་བླང་བྱ། ① ལྗོངས་ཁུལ་གྱིས་རིམས་འགོག་གི་བླང་བྱ་ལྟར་དུག་སེལ་གྱི་བྱེད་ཐབས་སོ་སོ་ནན་ཏན་སྒོས་དོན་འཁྱོལ་བྱ་རྒྱུ་ཡིན་པ་དང་། རླངས་འཁོར་འཇོག་སའི་མི་སྣས་རླངས་འཁོར་གང་ནས་ཡོང་བའི་ས་གནས་ཐོ་འགོད་བྱས་ཏེ། རླངས་འཁོར་དག་ཁ་འཐོར་གྱི་སྒོ་ནས་འཇོག་པར་བྱ་རྒྱུ་ཡིན། ② ཡུལ་སྐོར་བ་ལྗོངས་ཁུལ་དུ་མ་ཡོང་བའི་སྔོན་ལ། བདེ་ཐང་གི་བཤེར་རིས་སྟོན་དགོས་པ་མ་ཟད་ལུས་དྲོད་ལ་བརྟག་དགོས་པ་དང་། ཁ་ཐུམ་ཡང་ངེས་པར་དུ་རྒྱག་དགོས། མི་རྣམས་གྲལ་སྒྲིག་སྐབས་བར་ཐག་ལ་སྨི1.5འཇོག་དགོས་ལ། ཁ་ཐུམ་བརྒྱབ་མེད་པའི་མི་ཡོང་དུ་མི་འཇུག ③ ཚོགས་པ་རང་བཞིན་གྱི་ཡུལ་སྐོར་བ་དུས་བགོས་ཏེ་མཚམས་ཆོད་པའི་སྒོ་ནས་ལྗོངས་ཁུལ་དུ་འགྲོ་བར་བྱེད་པ་དང་། ཚོགས་པ་རང་བཞིན་གྱི་ཡུལ་སྐོར་བར་མི་གྲངས50ལས་བརྒལ་མི་ཆོག ནང་དུ་འགྲོ་སྐབས་ཁ་འཐོར་གྱི་སྒོ་ནས་འགྲོ་དགོས། ④ ཡུལ་སྐོར་བས་ལྟ་སྐོར་བྱེད་པའི་གོ་རིམ་ཁྲོད་གོ་རྟོགས་མཐོ་ཞིང་གོ་རིམ་ལྡན་པའི་ངང་ནས་བསྐྱོད་དགོས་ལ། ལྷག་པར་དུ་འཛིན་བྱང་ཉོ་སའི་ཚོམས་ཆེན་དུ་བར་ཐག་བཟུང་ནས་བསྒྲིག་དགོས། ལྗོངས་ཁུལ་གྱི་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་སོགས་ལ་འདུག་སྐབས་གཞན་དང་བར་ཐག་ཡོད་པའི་སྒོ་ནས་ཙོག་དགོས་པ་དང་བར་མཚམས་ནས་ཡར་ཡོང་མར་འགྲོ་བྱས་མི་ཆོག ⑤ ཁྱེད་ཀྱིས་ལྗོངས་ཁུལ་གྱི་འབྲེལ་ཡོད་སྒྲིག་སྲིལ་ངེས་པར་དུ་བརྩི་སྲུང་བྱ་དགོས་ལ། ལྗོངས་ཁུལ་གྱི་ལས་བྱེད་མི་སྣའི་ཡུལ་དངོས་དོ་དམ་གྱི་བྱ་བའི་བཀོད་སྒྲིག་ལ་ཉན་དགོས། གལ་ཏེ་ཡུལ་སྐོར་མི་སྣས་ལྟ་སྐོར་བྱེད་པའི་གོ་རིམ་ཁྲོད་རིམས་ནད་ཀྱི་ནད་རྟགས་མངོན་པ་ལྟ་བུའི་གནས་ཚུལ་བྱུང་ན། དུས་ཐོག་ཏུ་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་ཡར་ཞུ་བྱ་དགོས།
(གསུམ) ཟ་མ་དང་འདུག་སའི་དོ་དམ། ① ཡུལ་སྐོར་བ་མགྲོན་ཁང་དུ་མ་བསྡད་པའི་སྔོན་དུ་ལུས་དྲོད་ལ་བརྟག་དགོས་པ་དང་། གལ་ཏེ་ཁྱིམ་ཚང་གཅིག་གི་མིན་ན། མི་གཅིག་རེ་ཁང་བ་གཅིག་རེའི་ནང་དུ་འདུག་དགོས། ② གྲོང་རྡལ་དུ་ཟ་མ་ཟ་སྐབས། མི་སྣ་འདུ་འཛོམས་ལ་གཡོལ་ཆེད་ཁ་འཐོར་གྱི་སྒོ་ནས་ཟ་དགོས།
(བཞི) གཟིགས་སྐྱོང་སྲིད་ཇུས། གཅིག སྤྱི་བསྒྲགས་འདི་སྤེལ་བ་ནས་2020ལོའི་ཟླ་12པའི་ཚེས་31ཉིན་བར་དུ། རྒྱལ་ཡོངས་སྨན་བཅོས་མི་སྣ་རྣམས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་སྨན་བཅོས་མི་སྣའི་འབྲེལ་ཡོད་འཛིན་ཡིག་ལ་བརྟེན་ནས་རིན་མེད་སྒོས་སྤྱི་གླིང་སོགས་ཀྱི་འཛིན་བྱང་དང་འཛིན་བྱང་ཉོ་སར་སྒུག་མི་དགོས་པར་ཐོ་འགོད་བྱས་ཏེ་ལོངས་སྤྱོད་བྱས་ཆོག་པ་དང་། འདུག་ས་ཡང་ཚོགས་པ་ཐུན་མོང་གི་གྲོས་གཞིའི་རིན་གོང་ལྟར་བསྡད་ཆོག
གཉིས། ཧུའུ་པེ་ས་ཁུལ་གྱི་སྨན་བཅོས་མི་སྣ་དང་ཡང་ན་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཧུའུ་པེ་ས་ཁུལ་དུ་སྨན་བཅོས་རོགས་སྐྱོར་བྱེད་དུ་སོང་བའི་སྨན་བཅོས་མི་སྣས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་སྨན་བཅོས་མི་སྣའི་འཛིན་ཡིག་སོགས་འཛིན་ཡིག་གང་རུང་ལ་བརྟེན་ནས་རིན་མེད་སྒོས་སྤྱི་གླིང་སོགས་ཀྱི་འཛིན་བྱང་དང་འཛིན་བྱང་ཉོ་སར་སྒུག་མི་དགོས་པར་ཐོ་འགོད་བྱས་ཏེ་ལོངས་སྤྱོད་བྱས་ཆོག་པ་དང་། རིན་མེད་སྒོས་ལྗོངས་ཁུལ་ལ་ལྟ་སའི་རླངས་འཁོར་ལ་བསྡད་ཆོག་ཅིང་། འདུག་ས་ཡང་ཚོགས་པ་ཐུན་མོང་གི་གྲོས་གཞིའི་རིན་གོང་ལྟར་བསྡད་ཆོག་པ་མ་ཟད། རང་ཉིད་ཀྱི་འགྲོ་རོགས་སྟེ་བུ་ཕྲུག་དང་ཕ་མ་སོགས་ཀྱིས་ཀྱང་གོང་གི་སྲིད་ཇུས་དེ་དག་ལོངས་སྤྱོད་བྱས་ཆོག་པ་རེད།
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྔར་ལས་འཐུས་སྒོ་ཇེ་ཚང་དང་་ཞབས་ཞུའི་ནུས་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ཡུལ་སྐོར་བ་མཚོ་སྔོན་པོར་ཡུལ་སྐོར་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བཞིན་ཡོད།
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ།
2020ལོའི་ཟླ་2ཚེས་25ཉིན།