མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང།
2020.02.27 ཁུངས། ཀློག་གྲངས། 46

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན་མི་དམངས་དྲ་བའི་གློག་འཕྲིན་འབྱོར་བ་ལྟར་ན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གློ་ཚད་ཀྱི་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཟླ2པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ལེགས་པོ་ཡོང་ཆེད། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བྱས་་ནས་རིམས་ནད་འགོག་སྲུང་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ“ཕྱོགས་གཉིས་དམ་འཛིན་དང་། གཉིས་ཀ་འཐུས་ཤོར་མི་འགྲོ་བ། གཉིས་ཀ་སྐུལ་འདེད་གཏོང་བ”བཅས་ཀྱི་འགན་ལེན་ཁག་ཐེག་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་《ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(བསྡུས་ན《བརྡ་ཐོ》)ཡི་བླང་བྱ་གཞིར་བཟུང་། མཚམས་ཐིག་བརྟན་སྲུང་བྱེད་པ་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ“ཁུལ་དབྱེ་རིམ་དབྱེ་དང་ལས་སྒོ་སླར་གསོ”བྱེད་པའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རྫོང་ཁོངས་གཙོ་བྱས་ནས་རིམས་ནད་འགོག་སྲུང་ཚོད་འཛིན་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་ལས་ཞུགས་བསྡུ་ལེན་དང་། འཛད་སྤྱོད་ལ་སྐུལ་ཁྲིད། སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ། ཁྲོམ་རའི་སྒྲིག་རིམ་བརྟན་པོ་ཡོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྲོམ་རའི་སྒྲིག་སྲོལ་ལ་བརྩི་འཇོག་དང་ཁེ་ལས་ཀྱི་ཁེ་དབང་འགན་ལེན་བྱེད་པ། བཟའ་བཏུང་ལས་རིགས་ལ་འཕྲད་པའི་དངོས་ཡོད་དཀའ་ཁག་དང་གནད་དོན་མཐའ་དག་དུས་ཐོག་ཏུ་ཐག་གཅོད་བྱེད་པ།  སྣ་མང་ཞབས་ཞུ་མཁོ་འདོན་དང་དྲ་ཐོག་ཞབས་ཞུ་ལེགས་པོ་བྱེད་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཁྱོན་ཡོངས་ནས་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

དུས་མཚུངས་སུ་ཁེ་ལས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ལས་ཞུགས་མི་སྣ་དང་། གཉེར་སྐྱོང་བྱ་ཡུལ། ཟས་རིགས་སྤུས་ཚད་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་ཁོར་ཡུག་བདེ་འཇགས་ལ་འགན་ལེན་དང་།

ཟས་རིགས་འཕྲོད་བསྟེན་བདེ་འཇགས་ཀྱི་དོན་རྐྱེན་ལ་གཏན་འགོག་ནན་མོ་བྱེད་བཞིན་ཡོད།

《བརྡ་ཐོའི》ནང་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་སླར་གསོ་བྱེད་སྐབས་ཆེད་དོན་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་སྲིད་གཞུང་གི《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་གདོང་གཏད་དེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ལས་གཞི་གལ་ཆེན་ལས་སྒོ་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་དང་བྱ་ཐབས》དང་《བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའིི་སྐོར་གྱི་ཁ་གསབ་གཏན་འབེབས》གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་ཡུན་ཁྲོད་གླ་དངུལ་དང་། ཁྲལ་དངུལ། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། བཟའ་བཏུང་ལས་རིགས་ཀྱི་དྲ་ཐོག་གཉེར་སྐྱོང་བྱེད་སྟངས་བཅས་ཁྱབ་གདལ་དུ་བཏང་སྟེ་ཕྱོགས་གསུམ་པའི་ཟས་རིགས་མངག་ཉོ་བྱེད་པའི་སྟེགས་བུ་དང་དྲ་ཐོག་ནས་གཉེར་སྐྱོང་བྱེད་པའི་བཟའ་བཏུང་ཞབས་ཞུའི་ལས་རིགས་ལ་རྒྱབ་སྐྱོར་འོས་འཚམ་བྱེད་རྒྱུ་རེད།

རིམས་འགོག་མཁོ་ཆས་གྲ་སྒྲིག་ལེགས་པོ་བྱས་ཏེ་ཁོངས་གཏོགས་ས་ཆའི་དོ་དམ་རྩ་དོན་གཞིར་བཟུང་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་ལས་རིགས་གཉེར་མཁན་དག་ལ་རིམས་ནད་འགོག་སྲུང་གི་བྱ་བ་ཡག་པོ་སྒྲུབ་ནས་ཁ་ཐུམ་དང་དུག་སེལ་གཤེར་ཁུ་སོགས་རིམས་འགོག་ཐད་སྤྱོད་པའི་དངོས་རྫས་སོགས་མཁོ་འདོན་གང་ལེགས་བྱ་རྒྱུ་རེད།