གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བཏོན་པའི་ལས་སྒོ་སླར་གསོ་བྱ་བའི་རེ་འདུན་སྔར་ལས་ལྷག་པའི་སྒོ་ནས་ལག་ལེན་དོན་འཁྱོལ་དང་། འགྲིམ་འགྲུལ་ལམ་ཐིག་གཙོ་ནད་དག་ཤར་གཏོང་ཐུབ་ཆེད། ཟླ2པའི་ཟླ་དཀྱིལ་ནས་བཟུང་། མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་ཕྱོགས་ཡོངས་ནས་མཁའ་སྐྱོད་ཀུང་ཟི་ལ་རམ་འདེགས་བྱས་ཏེ་མཁའ་ལམ་གཙོ་ཤས་དག་སླར་གསོ་བྱས་ནས་རྒྱ་ཆེའི་འགྲུལ་བ་དག་གི་འགྲོ་འོང་ལ་འགན་སྲུང་གང་ལེགས་བྱས།
ཟླ2པའི་ཚེས25ཉིན་ནས་བཟུང་། ཟི་ལིང་དང་ན་གོར་མོ། ཡུས་ཧྲུའུ། གཏེར་ལེན་ཁ། ཧྭ་ཐུའུ་ཀུག མགོ་ལོག་གནམ་གྲུ་ཐང་བཅས་སུ་གཟའ་འཁོར་རེ་རེ་བཞིན་གནམ་གྲུ་འཕུར་བསྐྱོད་བྱེད་བཞིན་ཡོད་ལ། ཟི་ལིང་གནམ་གྲུ་ཐང་གིས་མཁའ་འགྲུལ་ལམ་ཐིག39སླར་གསོ་བྱས་ཡོད། མཁའ་ལམ་སླར་གསོ་བྱས་པ་དང་བསྟུན་ནས་འགྲུལ་བ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།
ཞིང་ཆེན་ནང་ཁུལ་དུ། ན་གོར་མོ་དང་ཡུས་ཧྲུའུ་གཉིས་ནས་ཟི་ལིང་བར་ཉིན་རེར་གནམ་གྲུ་འཕུར་ཐེངས་གཅིག་རེ་སླར་གསོ་བྱས་ཡོད་ཅིང་། གཏེར་ལེན་ཁ་དང་མགོ་ལོག་གཉིས་ནས་གཟའ་འཁོར་རེར་ཐེངས་གསུམ་ནས་བཞི་སླར་གསོ་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་འགྲོ་འོང་ལ་ཁག་ཐེག་བྱས་ཡོད།
མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་ལས་སྒོ་སླར་གསོ་དང་སློབ་འགོ་རྩོམ་པའི་གནད་འགག་གི་དུས་སྐབས་སུ་ནུས་ཤུགས་ཡོད་རྒུས་མཁའ་སྐྱོད་ཀུང་ཟི་ལ་རམ་འདེགས་བྱས་ཏེ། རྒྱ་ཆེའི་འགྲུལ་བ་རྣམས་ཀྱི་འགྲོ་འོང་ལ་ཁག་ཐེག་གང་ལེགས་བྱ་རྒྱུ་རེད།