ཞིང་ཆེན་སྲིད་གཞུང་གིས《ནུས་ལྡན་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་ཡོད་རྒུས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཁ་གསབ་གཏན་ཁེལ》བཀྲམ།
2020.02.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 80

ཟླ2པའི་ཚེས26ཉིན། ཞིང་ཆེན་སྲིད་གཞུང་གིས《ནུས་ལྡན་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་ཡོད་རྒུས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཁ་གསབ་གཏན་ཁེལ》བཀྲམ་ནས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་། ཐིན། ཅུའུ་བཅས་སོ་སོས་ལག་བསྟར་དོན་འཁྱོལ་ནན་མོ་དང་བཟང་བོ་བྱ་དགོས་པའི་རེ་བ་བཏོན།

《ནུས་ལྡན་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་ཡོད་རྒུས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཁ་གསབ་གཏན་ཁེལ》གྱི་ནང་དོན་ཧྲིལ་བོ་གཤམ་གསལ་ལྟར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་གྱིས་བཟང་བོར་སྒྲུབ་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་པ་དང་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཁྲེགས་གཏོར་དམག་འཐབ་མངོན་འགྱུར་བྱེད་པའི་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་སྲིད་གཞུང་གི《ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་ཏེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས》ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་། སྔོན་འགོག་ཚོད་འཛིན་བྱ་བ་དང་ཁེ་ལས་གཉེར་འགོ་རྩོམ་པ་དང་བསྐྱར་དུ་གཉེར་བ། ལས་གཞི་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པའི་བྱ་བ་དམ་པོར་དངོས་སུ་ཞིབ་མོར་འཛིན་ཆེད། འབྲེལ་ཡོད་དོན་དག་སྐོར་ནས་གཤམ་གྱི་ཁ་གསབ་གཏན་ཁེལ་བྱས་པ་ཡིན།

དང་བོ། རིགས་དགར་ནས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཞིབ་བཤེར་གཏན་འབེབས་བྱ་བ་བཟང་བོར་བསྒྲུབ་དགོས།

1.གཏན་ཁེལ་འདི་བཀྲམ་པའི་ཉིན་མོ་ནས་བཟུང་། ཁེ་ལས་གཉེར་འགོ་རྩོམ་པ་དང་བསྐྱར་དུ་གཉེར་བ། ལས་གཞི་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པར་རིགས་དགར་བའི་ཞིབ་བཤེར་གཏན་འབེབས་ལམ་ལུགས་ལག་བསྟར་བྱ་དགོས། གཙོ་གནད་སྔོན་འགོག་ཚད་འཛིན་ས་ཁུལ་གྱི་ཁོངས་སུ་ཡོད་པའི་ཁེ་ལས་དང་ལས་གཞིའི་ལས་ཀ་འགོ་རྩོམ་པ་དང་བསྐྱར་དུ་ལས་པར། 《ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཇུས་གཞི》དང《2020ལོའི་ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པའི་ཇུས་གཞི》ཡི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་རང་བཤེར་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་རྨང་གཞིའི་སྟེང་། ཁེ་ལས་ཀྱིས་ཁོངས་གཏོགས་འབྲེལ་བ་ལྟར་ཁེ་ལས་གནས་སའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་ལ་ལས་ཀ་དང་ཐོན་སྐྱེད་སླར་གསོའི་རེ་འདུན་ཞུ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་ཁོ་ན་ཡར་སྤྲད་པས་ཆོག འབྲེལ་ཡོད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ལས་ཀ་དང་ཐོན་སྐྱེད་སླར་གསོའི་རེ་ཞུ་འབྱོར་རྗེས་ཀྱི་དུས་ཚོད་ཉེར་བཞིའི་ནང་རེ་ཞུས་ཁེ་ལས་ལ་ལན་སྤྲོད་དགོས་པ་དང་། དུས་ཚོད་བརྒལ་ནས་ལན་མ་སྤྲད་ཚེ་འཐད་པ་བྱུང་བར་བརྩི་ཆོག་པས། རེ་ཞུས་ཁེ་ལས་ཀྱིས་ལས་ཀ་དང་ཚོང་ལས་ཀྱི་འགོ་བརྩམ་ཆོག ཁེ་ལས་ཀྱི་སྔོན་འགོག་ཚོད་འཛིན་ཇུས་གཞི་ཆ་རྐྱེན་དང་མི་མཐུན་ནའང་དུས་ཚོད་ཉེར་བཞིའི་ནང་རོགས་རམ་བྱས་ཏེ་བཟོ་བཅོས་བྱ་རུ་བཅུག་སྟེ། དུས་ལྟར་ལས་ཀ་དང་ཚོང་གཉེར་དུ་འཇུག་དགོས། ས་ཁུལ་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་སྲིད་གཞུང་གི་དྲ་ཚིགས་སྟེང་ལས་ཀ་འགོ་རྩོམ་པ་དང་བསྐྱར་དུ་ལས་པའི་རེ་ཞུ་དང་ལེན་ཞིབ་སྒྲུབ་ཀྱི་འགན་ཁུར་བའི་སྡེ་ཁག་དང་འགན་ཁུར་བ། ལས་དོན་པ་བཅས་ཀྱི་མིང་ཐོ་དང་འབྲེལ་གཏུག་བྱེད་ཐབས་བསྒྲགས་ནས། ཁེ་ལས་དང་ལས་གཞིའི་བདག་པོར་མྱུར་ཞིང་བདེ་བའི་ཞབས་ཞུ་འདོན་སྤྲོད་བྱ་དགོས། ས་ཁུལ་སོ་སོས་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པའི་ཁེ་ལས་དང་ལས་གཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པའི་གནས་ཚུལ་སྐོར་གྱི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་དགོས་པ་དང་། དུས་ཚོད་ཉེར་བཞིའི་རིང་ལན་མ་སྤྲད་པར་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོར་བར་ཆད་བཟོས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དམིགས་ཡུལ་དུ་མ་སླེབས་པར་བརྟེན་ནས་བྱུང་བའི་གནད་དོན་ལ། ཁོངས་གཏོགས་འབྲེལ་བ་ལྟར་ས་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་འགན་ཁུར་དགོས།

2.གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ་དང་སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་ཁེ་ལས་དང་ལས་གཞིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཞིབ་འབེབས་སྙན་འབུལ་འགྲོ་ལུགས་བསྒྲུབ་མི་དགོས་པར། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པའི་སྔོན་འགྲོའི་འོག རང་གིས་ལས་ཀ་སླར་གསོ་བྱ་ཆོག ཁེ་ལས་ཡོད་སའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་དང་ཡང་ན་ཆེད་ལས་སྡེ་ཁག་གིས་མཛུབ་སྟོན་དང་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་རིགས་སྣ་བསྒྱུར་བའི་ས་ཁུལ་དུ། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཞིབ་བཤེར་གཏན་འབེབས་རེ་བ་ཡང་དེ་དང་བསྟུན་ནས་བསྒྱུར་དགོས།

གཉིས། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་ཁེ་ལས་འབྲིང་ཆུང་གི་ཚོང་ལས་ཁང་བའི་ཁྲལ་བོགས་ཆག་ཡང་དང་མེད་པར་གཏོང་དགོས།

3.རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། ཁེ་ལས་འབྲིང་ཆུང་དང་སྒེར་ཚོང་གཉེར་མཁན་གང་ཡིན་རུང་རྒྱལ་དབང་ཐོན་དབང་གི་ཁང་བ་དང་གནས་ཡུལ། སྒྲིག་ཆས་བཅས་གླས་ཡོད་ཚེ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏོག་གསར་གློ་ཚད་ཁ་གཏད་འཇལ་ཏེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་འགྲེམ་པའི་བརྡ་སྦྱོར》གྱི་གཏན་ཁེལ16པའི་རྨང་གཞིའི་སྟེང་། གནས་ཡུལ་དང་སྒྲིག་ཆས་ཀྱི་གླ་རིན་ཆག་ཡང་དང་མེད་པར་གཏོང་དགོས། རྒྱལ་དབང་ཐོན་དབང་མིན་པའི་ཁང་བ་དང་གནས་ཡུལ། སྒྲིག་ཆས་བཅས་གླས་ཡོད་ཚེ། ཚོང་ཚོགས་དང་མཐུན་ཚོགས་སྣ་ཚོགས་དང་། ས་གནས་སྲིད་གཞུང་གིས་རྩ་འཛུགས་ཁྲིད་སྟོན་གྱི་ནུས་པ་བཏོན་ནས། ཕྱིར་གླ་མཁན་གྱིས་ཏང་ཀྲུང་དབྱང་གི་ཕྱར་བ་གྲུ་འདེགས་དང་དཀའ་ངལ་མཉམ་སེལ་བྱེད་པའི་སྐོར་གྱི་འབོད་སྐུལ་དང་དུ་བླངས་ཤིང་། སྐྱིད་སྡུག་མཉམ་མྱོང་དང་བརྩེ་བ་མཐའ་ཡས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་གླ་མཁན་དག་ལ་གླ་རིན་ཆག་ཡང་དང་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱ་དགོས་ལ། སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་པ་དང་། གླ་རིན་ཆག་ཡང་དང་མེད་པར་གཏོང་བའི་སྲིད་ཇུས་རང་འགུལ་གྱིས་ལག་བསྟར་བྱས་པའི་བདག་པོ་དག་ལ་ས་ཞིང་བཀལ་སྤྱོད་དཔྱ་ཁྲལ་ཆག་ཡང་དང་མེད་པར་གཏོང་དགོས་པར་མ་ཟད། “ཡིད་རྟོན་མིང་ཐོ་དམར་པོའི”ནང་བཀོད་དེ་སྤྱི་ཚོགས་སྟེང་བསྒྲག་པ་དང་། སྨྱན་ལམ་ཁག་ནས་དྲིལ་སྒྲོག་གཟེངས་བསྟོད་བྱ་དགོས། སྲིད་གཞུང་གི་འབོད་སྐུལ་དང་དུ་མི་ལེན་པ་དང་། གླ་རིན་ཆག་ཡང་དང་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་མི་བྱེད་མཁན་གྱིས་ས་ཞིང་བཀོལ་སྤྱོད་དཔྱ་ཁྲལ་ཆག་ཡང་དང་མེད་པར་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱད་མི་ཆོག རིན་གོང་གཏད་པ་དང་རྒྱུ་ནོར་ཧམ་ལེན་བྱས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཞིབ་བཤེར་ཆད་གཅོད་བྱ་དགོས།

4.དངོས་གནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་བརྟེན་ནས་ཁེ་ལས་ཀྱིས་རྒྱུན་ལྡན་ལྟར་གན་རྒྱ་ལག་བསྟར་བྱེད་མ་ཐུབ་ཚེ། དེར་གྱོང་གུན་གསབ་དངུལ་དང་གན་རྒྱ་ལས་འགལ་དངུལ། དུས་འགྱངས་བྱས་དངུལ་བཅས་ཀྱི་ཆད་དངུལ་ལེན་མི་ཆོག་ལ། མུ་མཐུད་དུ་གན་རྒྱ་ལག་བསྟར་བྱེད་ན་དུས་ཚོད་འོས་འཚམ་གྱིས་ཕྱིར་བསྣུར་བྱ་ཆོག

5.2020ལོའི་ཟླ2པ་ནས་ཟླ6པའི་བར། ཁེ་ལས་ཆུང་འབྲིང་ལ་རྒན་གསོ་དང་ལས་ཤོར། ལས་རྨས་བཅས་ཀྱི་ཉེན་ཚབ་བཅས་ཐད་ནས་ལས་ཁུངས་ཀྱིས་སྤྲོད་པའི་དངུལ་མེད་པར་གཏོང་དགོས་ལ། 2020ལོའི་ཟླ2པ་ནས་ཟླ4བའི་བར། ཁེ་ལས་ཆེ་གྲས་ལ་རྒན་གསོ་དང་ལས་ཤོར། ལས་རྨས་བཅས་ཀྱི་ཉེན་ཚབ་ཐད་ནས་ལས་ཁུངས་ཀྱིས་སྤྲོད་པའི་དངུལ་གྲངས་ཕྱེད་ཀས་ཇེ་དམའ་རུ་གཏོང་དགོས། དཀའ་ངལ་ཅན་གྱི་ཁེ་ལས་ལ་གཏན་ཁེལ་གྱི་ཆ་རྐྱེན་དང་འཚམ་ཚེ། སྤྱི་ཚོགས་ཉེན་ཚབ་ཀྱི་དངུལ་འགྱོར་འགྱངས་བྱས་ཏེ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། འགོར་འགྱངས་བྱེད་ཡུན་ཟླ་དྲུག་གིས་ཇེ་རིང་ལ་བཏང་ཆོག སྒེར་ཚོང་གཉེར་མཁན་རྣམས་ལས་ཁུངས་ལྟར་ཁེ་ལས་ལས་བཟོ་པའི་རྒན་གསོ་དང་ལས་ཤོར། ལས་རྨས་བཅས་ཀྱི་ཉེན་ཚབ་ཁྲོད་ཞུགས་པ་དག་གིས་ཁེ་ལས་ཆུང་འབྲིང་ལྟར་དུ་ཆག་ཡང་དང་མེད་པར་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱད་ཆོག ས་ཁུལ་སོ་སོའི་མི་དོན་སྤྱི་ཚོགས་འགན་སྲུང་དང་ནོར་སྲིད། ཁྲལ་དོན་བཅས་སྡེ་ཁག་གིས་དེ་དོན་འཁྱོལ་ནན་མོ་བྱ་དགོས།

6.ཟླ3པའི་ཚེས1ཉིན་ནས་ཟླ5བའི་ཟླ་མཇུག་བར་དུ། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་འཕར་སྣོན་དཔྱ་ཁྲལ་བསྡུ་ཚད་དེ3%ནས1%ལ་ཇེ་དམའ་རུ་གཏོང་དགོས།

7.རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། རིམ་པ་སོ་སོའི་སྲིད་གཞུང་ཁེ་ལས་ཆུང་འབྲིང་གི་མ་རྐང་ཁྲོད་ཞུགས་པའི་རྐང་དབང་མ་དངུལ་སྣ་ཚོགས་ལ། གཏན་འབེབས་བྱས་པའི་ཡོང་སྒོ་དང་མ་དངུལ་འཛིན་བཀོལ་གྱི་གླ་རིན་སོགས་མི་བསྡུ་བ་དང་། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་དེ་གཏན་འབེབས་ལག་བསྟར་བྱ་དགོས།

8. ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་དང་དངུལ་རྩའི་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གྱི་བསྡུར་ཚད་སྔར་ལས་ཇེ་མཐོར་བཏང་ནས། རིམས་ནད་ཀྱི་གནོད་པ་ཐེབས་ནས་ཁེ་ལས་ཀྱི་འཁོར་སྐྱོད་ལ་དཀའ་ངལ་བྱུང་བའི་ཁེ་ལས་ཆུང་འབྲིང་དང་སྒེར་ཚོང་གཉེར་མཁན་གྱི་དངུལ་བུན་གྱི་མ་དངུལ་གནས་སྐབས་སུ་འགོར་འགྱངས་བྱས་ཏེ་སྟེར་བར་བཀོད་སྒྲིག་བྱ་དགོས་ལ། ལོགས་དངུལ་སྟེར་བའི་དུས་ཚོད་ཟླ6པའི་ཚེས30ཉིན་བར་རྗེས་སུ་བསྣུར་ཆོག་པར་མ་ཟད། ལོགས་དངུལ་གྱི་ཆད་པ་མི་ལེན། ཁེ་ལས་ཅུང་ཆེན་པོས་བཅོས་བསྒྱུར་བྱས་རྗེས་ཀྱི་དངུལ་བུན་སྤྲོད་པའི་བཀོད་སྒྲིག་གཞིར་བཟུང་ནས་ཡིད་རྟོན་ཐོ་འགོད་ཞུ་འབུལ་བྱ་ཆོག ཁེ་ལས་ཆུང་འབྲིང་ལ“མི་དམའ་བ་གཉིས”དང་ཕྱོགས་བསྡུས་དངུལ་རྩའི་མ་རྩ་0.5%ལས་དམའ་བའི་རེ་བ་ལྟར། དངུལ་བུན་བསྐྱི་ཚད་ཇེ་མཐོ་དང་དངུལ་བུན་གྱི་སྐྱེད་ཀ་ཇེ་དམའ་རུ་གཏོང་དགོས་པ་དང་། ཐོག་མའི་དངུལ་བུན་དང་ཡིད་རྟོན་དངུལ་བུན། མ་དངུལ་ཕྱིར་མ་སློག་པར་མུ་མཐུད་བསྐྱི་བའི་དངུལ་བུན་བཅས་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་དགོས། རིམ་བསགས་དངུལ་བུན་མཁོ་མཁན་གྱི་ཉེན་ཁར་ཞིབ་བཤེར་བྱས་ཏེ། རིམས་ནད་ཀྱི་གནོད་པ་ཐེབས་པའི་ཁེ་ལས་ཀྱི་རིགས་དགར་མིང་ཐོ་འཛུགས་པ་དང་། གནོད་པ་ཚབས་ཆེན་ཐེབས་ནས་དུས་ཡུན་ཐུང་ངུའི་ནང་རྒྱུན་ལྡན་ལྟར་ཐོན་སྐྱེད་ཚོང་གཉེར་བྱེད་མི་ཐུབ་པ་དང་དུས་ལྟར་དངུལ་བུན་སྤྲོད་པར་དཀའ་ཁག་ཆེ་བའི་ཁེ་ལས་ལ“གཅིག་རོགས་གཅིག”གི་རོགས་སྐྱོར་བྱ་དགོས་པར་མ་ཟད། དུས་འགྱངས་དངུལ་བུན་གྱི་ཆད་དངུལ་སྣ་ཚོགས་མེད་པར་བཏང་ནས། ཁེ་ལས་དཀའ་ཁག་ལས་ཐར་བར་སྟོབས་ཤུགས་ཡོད་རྒུས་རོགས་རམ་བྱ་དགོས། དམིགས་བསལ་གྱི་དོན་དག་དམིགས་བསལ་གྱིས་སྒྲུབ་པ་དང་། བྲེལ་འཚུབ་ཀྱི་དོན་དག་བྲེལ་འཚུབ་ཀྱིས་སྒྲུབ་པའི་རྩ་དོན་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་ཐོན་སྐྱེད་སླར་གསོར་འབྲེལ་བའི་ཁེ་ལས་ལ་ཡིད་རྟོན་འཇུག་མཆན་དང་ཞིབ་མཆན། དངུལ་གཏོང་བཅས་བརྒྱུད་རིམ་ཡོངས་སུ་ཁེབས་པའི་གེགས་མེད་འཇུག་ལམ་བཙུགས་ནས། ཆེད་མིས་ཞིབ་བཤེར་དང་དུས་བཅད་དོན་སྒྲུབ་ཀྱི་འགན་འཁྲི་གསལ་བར་བྱ་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པས་གཙོ་བོར་རྒྱབ་སྐྱོར་བྱེད་པའི་ཁེ་ལས་དང་། ཐོན་སྐྱེད་འཕྲལ་བསྟུན་རིམས་འགོག་དངོས་རྫས་དང་འཚོ་བའི་ཅ་ལག་གལ་ཆེན་ཐོན་སྐྱེད་བྱེད་པའི་རྐང་འཛིན་ཁེ་ལས་ལ། དངུལ་བུན་བསྐྱི་བའི་ཞིབ་བཤེར་མྱུར་དུ་བསྒྲུབ་དགོས། ཁེ་ལས་གཞན་པས་དངུལ་བུན་ཞིབ་མཆན་ཚོགས་པས་གྲོས་ཞིབ་བྱས་པའི་འབྲེལ་ཡོད་ལས་སྒོ་སྤྲད་དེ། དོན་གཅིག་གྲོས་གཅིག་གིས་འགྲོ་རིམ་སྟབས་བདེར་བཏང་ནས། ཁེ་ལས་ཀྱི་ལུགས་མཐུན་དགོས་མཁོ་དུས་ལྟར་བསྐང་དགོས། སྣེ་ཁྲིད་དེ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་ཁེ་ལས་ལ་ཡིད་རྟོན་གྱི་སྐུལ་མ་བཏང་ནས། དངུལ་བུན་བསྐྱི་ཚད་ཇེ་མཐོ་དང་དབུལ་བུན་སྤྲོད་ཡུན་ཇེ་རིང་དུ་གཏོང་དགོས། ཚོང་ལས་དངུལ་ཁང་གིས་ཁེ་ལས་ཆུང་འབྲིང་ལ་ཡིད་རྟོག་དངུལ་བུན་བསྐྱི་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། སྐྱེད་ཀའི་ཚད་ལོ་སྔོན་མ་ལས་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་དགོས། ལོ་སྟོད་ཀྱི་ཀུན་ཕན་རང་བཞིན་གྱི་ཁེ་ལས་ཆུང་བའི་དངུལ་བུན་ལྷག་གྲངས་དུས་མཉམ་ལས་འཕར་ཚད30%ལས་མི་དམའ་བར་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ཆེད་བཀོལ་དངུལ་བུན་དེ་གཟིགས་སྐྱོང་སྐྱེད་ཀའི་ཚུལ་གྱིས་དམངས་གཉེར་དང་ཁེ་ལས་ཆུང་འབྲིང་ལ་བསྐྱི་དགོས། དངུལ་རྩའི་ལས་ཁུངས་ཀྱིས་སྐྱེད་ཀ་དམའ་བའི་དངུལ་བུན་བསྐྱི་ཚད་ཇེ་མང་དུ་བཏང་ནས། ཁ་ཕྱོགས་གཏན་ཁེལ་གྱིས་སྒེར་ཚོང་གཉེར་མཁན་ལ་རྒྱབ་སྐྱོར་བྱ་དགོས།

གསུམ། ཚད་བརྒལ་འགོག་སྲུང་དང་བསྐྱར་ཟློས་ལོགས་འགར་ལ་བཀག་འགོག་ནན་མོ་བྱས་ཏེ། ཁེ་ལས་ཀྱི་ལས་བཟོ་པ་དང་ལས་མི་དུས་ལྟར་ལས་གནས་སྟེང་ལོག་པར་ཁག་ཐེག་བྱ་དགོས།

9.ཞིང་ཆེན་གཞན་པ་ནས་མཚོ་སྔོན་ལ་ཡོང་བའི་ལས་མི་ལ་ཁྱིམ་ཐོ་ཡོད་ས་དང་འདུག་གནས། ཡོད་སའི་ཁེ་ལས། མི་བཀོལ་ལས་ཁུངས་བཅས་ཕྱོགས་གང་རུང་གིས་མཚོ་སྔོན་དུ་མ་ཡོང་སྔོན་གྱི་ཉིན14རིང་ནད་མེད་པ་དང་ནད་པར་འབྲེལ་ཐུག་མ་བྱས་པ། ཧུའུ་པེ་རུ་སོང་མ་མྱོང་བ། བརྟག་བཤེར་བྱས་རྗེས་ནད་རྟགས་མེད་པ་བཅས་ཀྱི་བདེན་དཔང་བྱས་ཚེ། ཡང་བསྐྱར་ལོགས་སུ་མི་འགར་བར། མི་བཀོལ་ལས་ཁུངས་རང་གིས་རེ་བ་དང་འཚམ་པའི་བདེ་ཐང་དོ་དམ་བྱེད་པ་དང་། ཁེ་ལས་ཡོད་སའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ལྟ་སྐུལ་དོ་དམ་དོན་ཐོག་ཏུ་འཁྱོལ་བར་འགན་ཁུར་དགོས། མི་བཀོལ་ལས་ཁུངས་ཀྱིས་ལས་བཟོ་པ་ལས་གནས་སྟེང་ལོག་པར་གནས་གཅིག་ནས་གཅིག་ལ་སྐྱེལ་བསུ་བྱ་དགོས་པ་དང་། ལམ་བར་གྱི་བདེ་ཐང་སྔོན་འགོག་བྱེད་ཐབས་དོན་འཁྱོལ་བྱ་དགོས་ལ། སྐྱེལ་བསུ་ལ་དཀའ་ངལ་ཡོད་ཚེ། ས་དེའི་སྲིད་གཞུང་གིས་མཐུན་སྦྱོར་ཐག་གཅོད་བྱ་དགོས། འགོག་སྲུང་གི་རེ་བ་ལྟར་འགོག་སྲུང་བྱེད་ཐབས་དོན་འཁྱོལ་མ་བྱས་པར་ནད་ཡམས་བྱུང་ཚེ། མི་བཀོལ་ལས་ཁུངས་ཀྱིས་ཐད་ཀར་གྱི་འགན་ཁུར་དགོས་ལ། གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ཏེ་ཁྲིམས་ལྟར་ཐག་གཅོད་རྒྱུ་ཡིན། ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་གྱི་འགན་ཁུར་དགོས།

10.བཟོ་ཚོང་ཁེ་ལས་ཀྱི་ཞིང་ཆེན་གཞན་པའི་ལས་མི་རྩ་དོན་སྟེང་2020ལོའི་ཟླ3པའི་ཚེས5ཉིན་གྱི་སྔོན་ལ་ལས་གནས་སྟེང་ཐོན་དགོས་པ་དང་། ཟླ3པའི་ཚེས5ཉིན་ལས་གནས་སྟེང་མ་འབྱོར་ཚེ། ཁེ་ལས་ཀྱིས་ཚབ་མི་བཀོད་སྒྲིག་བྱས་ཏེ། ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པར་གནོད་པ་བཟོ་མི་ཆོག ལས་འགོ་མི་རྩོམ་པ་དང་བསྐྱར་ལས་མི་བྱེད་པ་དག་གིས་རྒྱལ་ཁབ་དང་ཞིང་ཆེན། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་བཏོན་པའི་ཁེ་ལས་ཀྱིས་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པར་ཡར་སྐུལ་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱད་མི་ཆོག

11.ཞིང་ཆེན་ནང་ཁུལ་གྱི་ལས་གནས་སྟེང་ལོག་པའི་ལས་མི་ལ། མི་བཀོལ་ལས་ཁུངས་ཀྱིས་གཏན་ཁེལ་དང་མཐུན་པའི་ལས་གནས་བདེ་ཐང་དོ་དམ་ལག་བསྟར་བྱ་དགོས་པ་དང་། ཁེ་ལས་ཡོད་སའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱེད་པའི་འགན་ཁུར་དགོས། ཁྱིམ་ཐོ་ས་གཞན་དུ་ཡོད་ཀྱང་ལས་གནས་སྟེང་མ་ལོག་སྔོན་གྱི་ཉིན14རིང་མཚོ་སྔོན་དུ་བསྡད་པར་མ་ཟད་ཞིང་ཆེན་གཞན་པར་མ་སོང་ཞིང་། ཏོག་གསར་གློ་ཚད་ཀྱི་ནད་པར་འབྲེལ་ཐུག་བྱས་མ་མྱོང་བ་རྣམས་ཞིང་ཆེན་ནང་ཁུལ་གྱི་ལས་གནས་སྟེང་ལོག་པའི་ལས་མི་དང་གཅིག་ཏུ་ལྟ་དགོས།

12.མི་བཀོལ་ལས་ཁུངས་ཀྱིས་ཁེ་ལས་གནས་སའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ལ་ཞིང་ཆེན་གཞན་ནས་ཡོང་བའི་ལས་མིའི་བདེ་ཐང་དོ་དམ་ཇུས་གཞི་སྙན་ཞུར་འབུལ་དགོས་པ་དང་། ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཆུ་ཚོད24ནང་ཞིབ་བཤེར་གྱི་ལན་འདེབས་དགོས་པ་དང་། གཏན་འབེབས་དང་མི་མཐུན་པའི་རིགས་ཆུ་ཚོད24ནང་ཡུལ་དངོས་ནས་བཅོས་སྒྲིག་ཚད་གཞིར་ལོན་རྒྱུར་གཞོགས་འདེགས་བྱ་དགོས་ལ། ཆུ་ཚོད24ནང་ལན་མ་བཏབ་པ་རྣམས་ཡིད་འཐད་བྱུང་བར་བརྩི་ཆོག གནད་དོན་བྱུང་ཚེ་ས་གནས་དེ་གའི་དང་ལེན་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་འགན་ཁུར་དགོས།

13.ཁེ་ལས་ཀྱིས་ལས་མི་སྐྱེལ་འདྲེན་དང་མ་བཅོས་རྒྱུ་ཆ། ཐོན་རྫས་བཅས་སྐྱེལ་འདྲེན་བྱེད་ཚེ། མཚོ་སྔོན་སྐྱེལ་འདྲེན་ཀུང་ཟིའི་རླངས་འཁོར་གླས་ནས་བཀོལ་ཆོག་པ་དང་། མཚོ་སྔོན་སྐྱེལ་འདྲེན་ཀུང་ཟིས་སྐྱེལ་འདྲེན་བྱེད་པའི་རིང་ཁ་ལོ་བའི་བདེ་ཐང་དོ་དམ་དང་འཁོར་སྐྱོད་བདེ་འཇགས་ཀྱི་འགན་འཁྲི་ལག་བསྟར་བྱ་དགོས། སྐྱེལ་འདྲེན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་གནད་ལ་མ་འཁེལ་བར་གནད་དོན་བྱུང་ཚེ། ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་ཁྲིམས་ལྟར་ཐག་གཅོད་དགོས།

14.ཁེ་ལས་ཀྱིས་གནས་གཅིག་ནས་གཅིག་ལ་ལས་མི་སྐྱེལ་བསུ་བྱེད་པའི་རླངས་འཁོར་དང་། ཁེ་ལས་ཀྱི་མ་བཅོས་རྒྱུ་ཆ་དང་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར་ལ་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་དཔང་ཡིག་ཡོད་ཚེ། ཞིང་ཆེན་བར་གྱི་ཞིབ་བཤེར་ས་ཚིགས་དང་གཙོ་གནད་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས། དེ་བཞིན་ཞིབ་བཤེར་ས་ཚིགས་སྣ་ཚོགས་བཅས་ཀྱི་སྔོན་ལ་འགྲོ་རུ་འཇུག་དགོས།

15. ཁེ་ལས་ལ་བདེ་ཐང་དོ་དམ་བྱ་ཡུལ་ཐག་གཅོད་པ་དང་སྐྱེལ་འདྲེན་རླངས་འཁོར་ལ་འགན་སྲུང་བྱེད་པའི་ནུས་པ་མེད་ཚེ། ས་གནས་དེ་གའི་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་འགོ་ཁྲིད་ཚན་ཆུང་གིས་མཐུན་སྦྱོར་ཐག་གཅོད་བྱེད་པའི་འགན་ཁུར་དགོས། ཁེ་ལས་ཀྱི་བདེ་ཐང་དོ་དམ་བྱ་ཡུལ་ལ་ངེས་པར་དུ་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ལྟ་སྐུལ་དོ་དམ་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྟ་སྐུལ་དོ་དམ་གནད་ལ་མ་འཁེལ་བའི་རྐྱེན་གྱིས་གནད་དོན་བྱུང་ཚེ་ལྟ་སྐུལ་དོ་དམ་གྱི་འགན་ཁུར་དགོས།

བཞི། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་དགོས། 16.ས་ཁུལ་དང་སྡེ་ཁག་སོ་སོ་དང་ཁེ་ལས་བཅས་ཀྱིས་བཟའ་བཏུང་སྡེབ་སྐྱེལ་སོགས་དྲ་རྒྱའི་ལས་སྟེགས་དང་རང་འགུལ་ངང་འབྲེལ་མཐུད་ཧུར་ཐག་བྱས་ནས། དྲ་རྒྱའི་ལས་སྟེགས་ཀྱི་གཞི་ཁྱོན་ཅན་དང་མ་ལག་ཅན། རྩ་འཛུགས་ཅན། སྟབས་བདེ་ཅན་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་ཁེ་ལས་ཆུང་འབྲིང་དང་། སྒེར་ཚོང་གཉེར་མཁན། རོང་འབྲོག་མང་ཚོགས་སོགས་ཀྱི་ཚོང་ཟོག་མངག་ཐོ་ཇེ་མང་དུ་གཏོང་བ་དང་མཛོད་ཉར་གཙང་སེལ་བྱེད་པ། གྱོང་གུད་ཇེ་ཉུང་དུ་གཏོང་བ་བཅས་ཀྱི་ཐད་རོགས་རམ་བྱ་དགོས། སྡེབ་སྐྱེལ་ཁེ་ལས་དང་ལས་སྟེགས་ཀུང་ཟིས་ལས་སྟེགས་ཀྱི་ཞབས་ཞུའི་འགྲོ་གྲོན་དང་གླ་དངུལ་འོས་འཚམ་གྱིས་ཇེ་དམའ་རུ་གཏོང་དགོས།

17.ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ཕྱིར་འཚོང་ཀུང་ཟི་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཕྱིར་འཚོང་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་རྡོ་སྣུམ་ཡན་ལག་ཀུང་ཟིས། སྡོད་དམངས་ཀྱི་བཀོལ་བྱ་མིན་པའི་རང་བྱུང་སོལ་རླངས་ལ་ཚོང་མི་རྒྱུག་པའི་དུས་ཚིགས་ཀྱི་རིན་གོང་སྔ་སྣུར་སྒོས་ལག་བསྟར་བྱ་དགོས། ཞིང་ཆེན་འཁོར་སྐྱོད་ཅུའུ་ཡིས་ཐད་ཀར་འདོན་སྤྲོད་བྱེད་མཁན་གྱི་ཁེ་ལས་ལ་མཐུན་སྦྱོར་བྱས་ཏེ་དུས་ཐོག་ཏུ་ཚོང་མི་རྒྱུག་པའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱས་ནས་སོལ་རླངས་ཉོ་བའི་འགྲོ་སོང་ཇེ་ཉུང་དུ་གཏོང་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་སྡོད་དམངས་ཀྱི་བཀོལ་བྱ་མིན་པའི་རང་བྱུང་སོལ་རླངས་ཕྱིར་འཚོང་གི་རིན་གོང་ཇེ་དམའ་རུ་གཏོང་དགོས་པའི་དུས་མཚུངས་སུ། རིན་གོང་གཅོག་པའི་བྱ་བ་དེས་སྤྱོད་མཁན་གཙོ་བོ་དག་ལ་ཕན་ཐོགས་པར་བྱ་དགོས།

18.རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་སུ། ཁེ་ལས་ཆུང་འབྲིང་གིས་ཟླ་གསུམ་རིང་གི་ཆུ་དང་གློག སོལ་རླངས་བཅས་ཀྱི་འགྲོ་གྲོན་དུས་འགྱངས་བྱས་ཏེ། “གྲོན་དངུལ་ཆད་ཀྱང་མཁོ་སྤྲོད་བྱེད་མཚམས་མི་འཇོག”པར། དུས་འགྱངས་ཆད་དངུལ་ལམ་ཡང་ན་གན་རྒྱ་ལས་འགལ་བའི་ཆད་དངུལ་མེད་པར་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གནས་སྐབས་སུ་གློག་འདང་ཚད་བཀོལ་ནས་ཐོན་སྐྱེད་བྱེད་མི་ཐུབ་པའི་ཁེ་ལས་ཀྱིས་ས་གནས་དེ་གའི་གློག་གཏོང་ཀུང་ཟིར་གློག་གི་ཤོང་ཚད་ཇེ་ཉུང་དུ་གཏོང་བ་དང་། གནས་སྐབས་རིང་གློག་གཏོང་མཚམས་འཇོག་པ། གནས་སྐབས་སུ་སླར་གསོ་མི་བྱེད་པ་བཅས་ཀྱི་རེ་ཞུ་བྱས་ནས། དེ་མཚུངས་ཀྱི་གློག་གི་ཤོང་ཚད་དང་གློག་རིན་ཇེ་ཡང་དང་མེད་པར་གཏོང་དགོས།  ཟླ2པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར། ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་སྤྱོད་མཁན་ཕུད། བཟོ་ཚོང་ལས་རིགས་ཀྱི་གློག་སྤྱོད་མཁན་གྱི་གློག་རིན་ད་ལྟའི་རིན་གོང་གི་རྨང་གཞིའི་ཐོག5%ཇེ་དམའ་རུ་གཏོང་དགོས།

ལྔ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

19.སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ལ་ཤུགས་སྣོན་དགོས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གིས་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར་སོགས་སྲོལ་རྒྱུན་སྨྱན་བྱད་དང་སྐད་འཕྲིན་སྤྱི་སྟེགས་དང་ཁ་པར་གྱིAPPསོགས་སྨྱན་བྱད་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ། ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་རྗེས་སྙེག་གསལ་འགྲེལ་བྱེད་རྒྱུ་དང་ཁུངས་བཙན་པའི་ཆ་འཕྲིན་དང་སྲིད་ཇུས་ཀྱི་འདོད་བློ་གནད་ལ་འཁེལ་བའི་ངང་བརྒྱུད་བསྒྲགས་བྱེད་པ། ཁེ་ལས་དང་སྤྱི་དམངས་ལ་དུས་ཐོག་ཏུ་གཟིགས་སྐྱོང་སྲིད་ཇུས་གནད་ལ་འཁེལ་བའི་ངང་མཚམས་སྦྱོར་བྱེད་པ་བཅས་བྱས་ནས། ཁྱིམ་ཚང་དང་མི་ཚང་མར་ཤེས་སུ་བཅུག་སྟེ། ཁེ་ལས་ཀྱིས་སྲིད་ཇུས་ཡག་པོ་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས།

20.རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཞབས་ཞུའི་འབྲེལ་གཏུག་ཁ་པར(12345)དང་ཞབས་ཞུའི་དྲ་ཚིགས་(fgfc.qinghai.gov.cn)དང་སྐད་འཕྲིན་སྤྱི་སྟེགས(མཚོ་སྔོན་གྱི་འཕེལ་བཅོས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཆེད་བསྒྲིགས་ལེ་ཚན)བཅས་ཀྱི་སྟེང་ཡར་ཞུ་བྱས་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་བཅད་དེ། “ཨང་གྲངས་གཅིག་གིས་དང་ལེན་བྱས་ནས་ལན་སློག་པ་དང་། ལས་སྟེགས་གཅིག་གིས་ཁག་གོབས་ནས་སྒྲུབ་པ། རིམ་དབྱེ་རིགས་དབྱེའི་ཐོག་ནས་ཐག་གཅོད་བྱེད་པ། གཅིག་གྱུར་ཐོག་ལྟ་སྐུལ་ཞིབ་བཤེར་དང་ལྟ་ཞིབ་ལྟ་སྒྲུབ་བྱེད་པ”བཅས་ཀྱི་ཞབས་ཞུའི་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱིས་གནད་དོན་སྟོན་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་དཀའ་གནད་བཀྲལ་བ། དཀའ་གནད་སྣ་ཚགས་སེལ་བ་བཅས་བྱས་ནས། ཁེ་ལས་དང་མང་ཚོགས་ཀྱི་འདོད་བློ་ཚོམ་པའི་དམིགས་ཡུལ་མངོན་འགྱུར་བྱ་དགོས

21.ས་ཁུལ་དང་སྡེ་ཁག་སོ་སོ། ལས་ཀ་དང་ཐོན་སྐྱེད་སླར་གསོ་འགོ་ཁྲིད་ཚན་ཆུང་གི་ཆེད་དོན་སྐུལ་སྤེལ་འགན་སྲུང་ཚན་ཆུང་ཁག་གིས་ཁེ་ལས་ཀྱི་ལས་གཞི་དང་ཐོན་སྐྱེད་སླར་གསོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཟླ་རེར་རྒྱབ་སྐྱོར་སྲིད་ཇུས་རེ་དོན་འཁྱོལ་ཡོང་བར་བྱེད་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ནས། རང་གིས་སྲིད་ཇུས་དོན་འཁྱོལ་གྱི་ལས་ཀའི་བརྒྱུད་རིམ་དང་ཞིབ་སྲོལ་ཁ་གསལ་བཟོ་དགོས་པ་དང་། དོན་འཁྱོལ་གནད་ལ་མ་འཁེལ་བ་དང་དུས་ཐོག་ཏུ་དོན་འཁྱོལ་མ་བྱུང་བའི་རིགས་ལ་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁྲི་རྩད་གཅོད་བྱ་དགོས།

22.《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ཏེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་དུ་ལས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས》ཞེས་པའི་ནང་གཏན་ཁེལ་འདིའི་བླང་བྱ་དང་མི་མཐུན་པ་ཡོད་ཚེ། གཏན་ཁེལ་འདི་ཚད་གཞིར་འཛིན་དགོས།


ཕྱུག་ལོ་དང་བན་དེ་སྐྱབས་ཀྱིས་བསྒྱུར།