ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2020.02.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། ཀྲུང་དབྱང་གློ་ཚད་རིམས་ནད་གསར་པར་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་སླར་གསོ་ཐུབ་མོད། འོན་ཀྱང་རིམས་ནད་བསྐྱར་འཕར་གྱི་ཉེན་ཁར་མཐོང་ཆུང་བྱེད་མི་རུང་། སྔར་མེད་ཀྱི་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་ནས་གཅིག་གྱུར་ཡོང་བར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་ལས་ཀའི་བླང་བྱ་གཞིར་བཟུང་ནས། རིམས་ནད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་གོ་བ་ཡང་དག་འཛིན་པ། གཙོ་གནད་མངོན་གསལ་དོད་པ་དང་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ། རིགས་དབྱེ་མཛུབ་སྟོན། ཁུལ་དབྱེ་ཇུས་འདོན་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་རྩ་བ་དེ་ལ་ལྷོད་གཡེང་མི་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་དམ་འཛིན་ལྷོད་མེད་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁུལ་དབྱེའི་རིམ་དབྱེ་སྔོན་འགོག་ཚོད་འཛིན་སྔར་ལས་དོན་འཁྱོལ་བྱེད་པ་དང་། གཞིས་ཁུལ་དང་གྲོང་ཚོ་དང་སྡེ་ཁུལ་གྱི་ཞིབ་བཤེར་དང་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་མུ་མཐུད་ཇེ་བརྟན་དུ་གཏོང་བ། རྒན་གསོ་དང་རོགས་སྐྱོབ། བྱིས་པའི་ཕན་བདེ། བསམ་པའི་འཕྲོད་བསྟེན་སྨན་བཅོས། བཙོན་ཁང་སོགས་དམིགས་བསལ་གནས་ཡུལ་དང་གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས། ཁེ་ལས་དང་ལས་དོན་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལག་བསྟར་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་ནས། སྔོན་འགོག་ཚོད་འཛིན་གྱི་རང་བདག་འགན་འཁྲི་དོན་འཁྱོལ་བྱེད་དགོས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བུ་བཅོལ་ཁང་གིས་རྩ་དོན་གཞིར་བཟུང་ནས། མུ་མཐུད་དུ་སློབ་འགོ་རྩོམ་ཚད་དུས་འགྱངས་བྱེད་པའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ། རང་ཞིང་གི་དོན་དངོས་ནས་རྐང་བཙུགས་ཏེ། སློབ་འགོ་མ་བརྩམ་སྔོན་གྱི་གྲ་སྒྲིག་བྱ་བར་གཅིག་གྱུར་བཀོད་འདོམས་ཡག་པོ་བྱེད་དགོས། མི་སྣ་པེ་ཅིང་དུ་འགྲོ་བར་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱེད་པ་དང་། བརྟན་པོ་དྲུག་ལ་དམིགས་པ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་མི་སྒེར་བཟོ་ཚོང་ཁྱིམ་ཚང་སོགས་ཁྲོམ་རའི་རང་བདག་ལ་འཕྲད་པའི་དཀའ་ངལ་གྱི་གནད་དོན་གསེད་བཀྲོལ་དང་ཐག་གཅོད་ཡག་པོ་བྱེད་པ། ལས་གནས་བརྟན་པོའི་ངང་ལས་ཞུགས་དང་། དངུལ་རྩའི་ཞབས་ཞུ། དཀའ་ངལ་སེལ་བ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་གནད་འཁེལ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།

ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ་དང་ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧུང་ཡོན་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།