ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དངུལ་རྩའི་སྡེ་ཁག་ཁ་ཤས་སུ་སོང་ནས་མ་དངུལ་གྱིས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་རྒྱབ་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་བྱས།
2020.02.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན།    ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དངུལ་རྩའི་སྡེ་ཁག་ཁ་ཤས་སུ་སོང་ནས་མ་དངུལ་གྱིས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་རྒྱབ་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་བྱས།   ཁོས་ནན་གྱིས་བསྟན་དོན།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་རྣམ་པར་རྒྱུས་ལོན་གས་ལ་བོ་བྱེད་དགོས་པ་དང་།    དངུལ་རྩ་ལས་རིགས་ཀྱི་རོགས་སྐྱོར་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཟེར།

ཝང་ལིས་མིན་སྔ་གཞུག་ཏུ་ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་།    ཀྲུང་གོ་ཡིད་རྟོན་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་ལས་གཉེར་དྲ་ཚིགས་བཅས་སུ་སོང་ནས་དངུལ་རྩ་སྡེ་ཁག་གིས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་དང་དྲ་ཚིགས་ལས་སྒོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་།    འབྲེལ་ཡོད་འགན་ཁུར་མི་སྣའི་སྙན་ཞུར་གཟབ་ནན་གྱིས་ཉན་པར་མ་ཟད།  འཐབ་ཕྱོགས་དང་པོ་ན་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལས་བྱེད་མི་སྣར་བཀའ་དྲིན་ཞུས་པ་དང་།   དངུལ་རྩ་སྡེ་ཁག་གིས་རིམས་ནད་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཁས་ལེན་གང་ལེགས་བྱས།  ཁོས་བསྟན་དོན།   ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་བཅོས་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་མང་པོ་ཕྱིར་བཏོན་ཡོད་པ་དང་།  དངུལ་རྩ་སྡེ་ཁག་གིས་ཆབ་སྲིད་ལངས་གནས་མཐོར་འདེགས་དང་དངོས་གཉེར་ཁག་ཁུར་བྱས་ཏེ་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བའི་ཐད་སྟོབས་དང་ལྡན་པའི་དངུལ་རྩའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ལིས་མིན་གྱིས་ནན་གྱིས་བསྟན་དོན།   རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས།  མིག་སྔར་ཁེ་ལས་ཁ་ཤས་མ་རྩའི་དཀའ་ཁག་སོགས་གནད་དོན་དང་འཕྲད་ཡོད་པས།    དངུལ་རྩ་སྡེ་ཁག་སོ་སོས་ཁེ་ལས་ཀྱི་མ་དངུལ་གྱི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།   ཡིད་རྟོན་དངུལ་བུན་གྱི་ལྗང་མདོག་བགྲོད་ལམ་བཏོད་དེ་དུས་ཐོག་ཏུ་མ་དངུལ་གྱི་དགོས་མཁོར་འགན་སྲུང་བྱེད་དགོས་པ་དང་།  ཁེ་ལས་ཀྱི་མ་དངུལ་མ་གནས་ཇེ་དམར་གཏོང་དགོས།   རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཀྱི་མ་དངུལ་རྒྱབ་སྐྱོར་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་དེ་དག་དཀའ་ཁག་ལས་རྒྱལ་བ་དང་མགྱོགས་མྱུར་གྱིས་ཐོན་སྐྱེད་སླར་གསོ་བྱེད་པར་རོགས་སྐྱོར་བྱེད་དགོས།  ཀྲུང་དབྱང་ནས་ས་གནས་བར་གྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱས་ཏེ་ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐེབས་པའི་ཤུགས་རྐྱེན་ཇེ་དམར་གཏོང་དགོས་པ་དང་།    ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་མགོ་བཟང་བོ་རྩོམ་པ་མངོན་འགྱུར་བྱེད་རྒྱུ་འགན་སྲུང་བྱས་ནས་ལོ་གཅིག་གི་བྱ་བའི་དམིགས་འབེན་ལས་འགན་སོ་སོ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་དགོས་ཟེར།