ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ལིའུ་ཉིང་རྣམ་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་སློབ་མའི་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
2020.03.02 ཁུངས། ཀློག་གྲངས། 26

ཞིང་ཆེན་ཡོངས་ཀྱི་སློབ་མའི་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།

རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ།

ཁྱེད་ཅག་བདེ་མོ། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་ལ་ཐུགས་ཁུར་ཟབ་མོ་གནང་སྟེ། ང་ཚོ་རིམས་ནད་འགོག་སྲུང་གི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་དམག་འཁྲུག འགོག་རྒོལ་དམག་འཁྲུག་འདི་ལས་རྣམ་པར་མ་རྒྱལ་བར་དུ་ལྷོད་གཡེང་གཏན་ནས་བྱ་མི་རུང་བའི་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རིག་གི་འགོག་བཅོས་དང་གནད་ཁེལ་གྱི་ཐབས་ཇུས། དེ་མིན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་བྱས་པར་བརྟེན་རིམས་ནད་འགོག་སྲུང་གི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་རིམ་མགྱོགས་མྱུར་ངང་སླར་གསོ་བྱེད་བཞིན་པའི་སྒང་ཡིན། མིག་སྔར། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་དག་གིས་གོ་རིམ་ལྡན་པའི་ངང་ནས་སློབ་མགོ་ཇི་ལྟར་རྩོམ་པ་དང་བདེ་འཇགས་ཀྱི་ངང་ནས་སློབ་ཁྲིད་ཇི་ལྟར་བྱེད་པ་ནི་ཚང་མས་ཧ་ཅང་སེམས་ཁུར་བྱེད་ཀྱིན་པའི་གནད་དོན་ཞིག་ཡིན་ལ། ལྷག་པར་ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་བྱ་བའི་ཁྲོད་ཀྱི་དོན་འགངས་ཆེན་ཡང་དེ་ཡིན།

བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་ནི་སྤྱི་ཚོགས་ཡོངས་ཀྱི་དོན་ཆེན་གཙོ་བོ་དེ་ཡིན་ཞིང་། སློབ་གྲྭ་སློབ་མགོ་བརྩམ་སྟེ་སློབ་ཁྲིད་བྱེད་པའང་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་རིམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་རེད། ཕྱོགས་བསྡུས་ཞིབ་འཇུག་ཐག་གཅོད་དང་ཞིབ་འཇུག་གནད་ཐིངས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སློབ་འབྲིང་དག་ཟླ3པའི་ཚེས9ཉིན་ནས་བཟུང་སྔ་རྗེས་སུ་ཁུལ་དབྱེ་དང་རིམ་དབྱེ་བྱས་ཏེ། ཛ་དྲག་གི་དུས་རིམ་ལ་གཡོལ་ནས་གོ་རིམ་པའི་ལྡན་པའི་ངང་སློབ་མགོ་རྩོམ་པར་བྱ་རྒྱུ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་། སློབ་གྲྭ དགེ་རྒན་དག་གིས་ཁྱིམ་བདག་རྣམས་དང་ལྷན་དུ་བྱིས་པ་ཚོའི་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས། སློབ་གླིང་གི་རིམས་འགོག་བྱ་བ་དེ་དཔྱིད་དུས་སློབ་མགོ་རྩོམ་པའི་སྐབས་ཀྱི་གཞི་རྩའི་བྱ་བར་བརྩི་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་འགན་འཁུར་དོན་འཁྱོལ་ཡོང་བ་བྱ་དགོས། འགོག་སྲུང་གི་དངོས་ཟོག་དང་སྨན་བཅོས་འཕྲོད་བསྟེན་གྱི་ནུས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་བཅས་ཀྱི་འགན་སྲུང་བྱ་བ་དེ་སློབ་གྲྭའི་ཕྱོགས་སུ་བཀོལ་ནས། སློབ་གྲྭས་རིམས་འགོག་ཚོད་འཛིན་བྱ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སློབ་ཁྲིད་མི་སྐྱོང་གི་བྱ་བ་སླར་གསོ་བྱ་རྒྱུར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས་པ་དང་། ནུས་ཤུགས་ཡོད་ཚད་ཀྱིས་དགེ་སློབ་རྣམས་ཀྱི་བདེ་འཇགས་དང་བདེ་ཐང་ལ་འགན་སྲུང་བྱས་ནས་སློབ་གླིང་གི་སྤྱི་བའི་འཕྲོད་བསྟེན་ལ་སྲུང་སྐྱོབ་བྱ་དགོས།

ས་པ་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་མ་འོངས་པ། ཁྱིམ་ཚང་གི་རེ་ལྟོས་བྱེད་ས་ཡིན། དེ་བཞིན་དུ་ཁྱིམ་ཚང་རེ་རེ་ནི་སློབ་གྲྭ་རེ་རེ་ཡིན་ལ། ཁྱིམ་བདག་རེ་རེ་ནི་བྱིས་པའི་ཆེས་བཟང་བའི་དགེ་རྒན་རེ་རེ་ཡིན་པས། ཁྱིམ་བདག་རྣམས་ཀྱིས་རང་ས་གནས་ཀྱི་ཏང་ཨུ་དང་མི་དམངས་སྲིད་གཞུང་། སྡེ་ཁུལ། སློབ་གྲྭ དགེ་རྒན་དག་དང་ལག་རྡང་གཅིག་ཏུ་སྦྲེལ་ཏེ། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཆེན་པོ་དེ་ལག་ཏུ་བསྟར་དགོས། ཁྱིམ་བདག་རྣམས་ཀྱིས་རང་སྲུང་གི་བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ་སློབ་གྲྭར་མཉམ་འབྲེལ་བྱས་ནས་སློབ་ཁྲིད་དང་རིམས་འགོག་གི་བྱ་བ་ལེགས་པོར་བསྒྲུབ་སྟེ། བྱིས་པ་རྣམས་ཀྱི་རང་སྲུང་གི་འདུ་ཤེས་ཇེ་མཐོ་དང་འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་ཆགས་པར་ཧུར་བརྩོན་བྱ་དགོས།

ཁྱིམ་བདག་རྣམ་པ། ང་ཚོས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་བདེ་ཐང་དང་བདེ་འཇགས་ཡིན་ཞིང་གོ་རིམ་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་ཏེ། སློབ་མ་རྣམས་ཀྱིས་སློབ་སྦྱོང་ཡག་པོ་བྱ་ཐུབ་པ་དང་སློབ་མའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ་སོགས་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བར་བྱས་ནས།ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བརྩོན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་།  ལིའུ་ཉིང།

2020ལོའི་ཟླ3པའི་ཚེས1ཉིན།