ཐེན་ཅིན་ཁྲིན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ལས་གཞི་གཙོ་བོ་ཡང་བསྐྱར་ལས་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་བྱས།
2020.03.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་གསུམ་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་མཛུབ་སྟོན་ཚན་ཆུང་དྲུག་པ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག ནགས་རྩྭ་སྡེ་ཁག་གི2020ལོའི་སྐོར་ཁག་དང་པོའི་ལས་གཞི་གཙོ་བོ་ཡང་བསྐྱར་ལས་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་མཛུབ་སྟོན་དང་ལྟ་སྐུལ་བྱས། མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་སྒྲུབ་པའི་རྨང་གཞིའི་སྟེང་། སྟོབས་ཤུགས་ཡོད་རྒུས་ལས་གཞི་གཙོ་བོ་ཡང་བསྐྱར་འཛུགས་སྐྲུན་བྱེད་འགོ་བརྩམས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཐེན་ཅིན་ཁྲིན་སོགས་སྔ་གཞུག་ཏུ་ནན་ཁྲོན་ཤར་ལམ་གྱི་ས་གཤིས་གནོད་འཚེ་བཅོས་སྐྱོང་དང་ནན་ཁྲོན་ཆུ་བོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་འཛུགས་སྐྲུན་ཡུལ་དངོས་དང་ཏ་ཐུང་རྫོང་ཁྲང་ཉིན་སྡོང་ཕྲུག་ར་བ་བཅས་སུ་སོང་ནས། ལས་གཞི་ཡང་བསྐྱར་ལས་འགོ་རྩོམ་པའི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། སྔོན་དུས་ཀྱི་གྲ་སྒྲིག་དང་མི་སྣ་ལས་རྐང་སྟེང་ཞུགས་པ། བདེ་འཇགས་ཐོན་སྐྱེད་དང་རྒྱུ་ཆས་གྲ་སྒྲིག་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་ལ། དེའི་ཐད་གནས་པའི་དཀའ་ཁག་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཉམ་དུ་དམ་འཛིན་བྱེད་པ་དང་གཉིས་ཀ་འཐུས་ཤོར་མི་གཏོང་བ། སྐུལ་འདེད་གཉིས་ཀྱི་བྱ་བའི་རེ་བ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། རིགས་བགར་ནས་སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ། མྱུར་དུ་ལས་གཞི་གཙོ་བོ་ཡང་བསྐྱར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་དང་། ཚད་ཆེས་མཐོ་བའི་སྒོ་ནས་རིམས་ནད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་གནོད་པ་ཇེ་ཆུང་དུ་གཏོང་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།