མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་སླར་གསོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.03.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གསུམ་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་སླར་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་སླར་གསོའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་མངོན་གསལ་དོད་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ལས་གཉེར་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཀྱང་གཏམ་བཤད། 

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་སླར་གསོ་ལས་གཉེར་ནི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་རྒྱལ་ཁ་གཉིས་ཐོབ་པའི་འགན་ལེན་གལ་ཆེན་ཞིག་ཡིན་པས། ལས་ཞུགས་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད། མང་ཚོགས་ཀྱི་འཚོ་བ་དང་ཁེ་ལས་དང་ལས་དོན་སྡེ་ཁག་གི་རྒྱུན་གཏན་གཉེར་སྐྱོང་འགན་ལེན་བཅས་ལ་ནུས་པ་གལ་ཆེན་ལྡན་ཡོད། བཟའ་བཏུང་ཁེ་ལས་ཀྱི་ཡིད་ཆེས་འཕེལ་བར་ཁྲིད་སྟོན་བྱེད་པ་དང་། གནས་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་གཉེར་སྐྱོང་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཟའ་བཏུང་ཁེ་ལས་ཀྱི་ལས་གཉེར་སླར་གསོའི་བཀོལ་སྤྱོད་ཕྱོགས་སྟོན་བཟོས་ནས་སྒོར་འདོན་དགོས་པ་དང་། དགོས་ངེས་ཀྱི་འགོག་སྲུང་དངོས་རྫས་གཏོང་སྤྲོད་བྱེད་པ། བཟའ་བཏུང་བདེ་འཇགས་དང་ལས་བཟོ་བའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་ལ་དཔྱོད་ཤེས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་པ་བཅས་བྱས་ནས། བདེ་འཇགས་དང་བརྟན་པོའི་ངང་ལས་རིགས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་ལས་འགོ་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གླ་དངུལ་དང་ཁྲལ་དངུལ། དངུལ་རྩའི་རྒྱབ་སྐྱོར་སོགས་ཐད་ཀྱི་ལྟ་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་ཏན་ཏིག་གཏོང་དགོས། བཟའ་བཏུང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་རིན་གོང་གང་བྱུང་དུ་འཕར་བའི་གནད་དོན་བཅོས་སྒྲིག་ནན་མོ་བྱས་ནས། ཁེ་ལས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། ཕྱོགས་གསུམ་པའི་ཟས་རིགས་མངག་ཉོའི་ལས་སྟེགས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་། གླ་ཡོན་ལུགས་མཐུན་བསྡུ་བ་དང་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། བཟའ་བཏུང་ཁེ་ལས་ཀྱིས་དྲ་ཐོག་གཉེར་སྐྱོང་དང་ཐུམ་བརྒྱབ་ནས་འཛད་སྤྱོད་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱེད་པ། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དགོས་མཁོར་འགན་ལེན་ཏན་ཏིག་བཅས་བྱེད་དགོས་ཟེར།

ཞིང་ཆེན་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན། བཟའ་བཏུང་དང་སྡེབ་སྐྱེལ་ཁེ་ལས་ཀྱི་འཐུས་མི་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།