ལིག་ཐོ་ཡིས་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱི་དཔྱིད་དུས་སློབ་འགོ་ཚུགས་པའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2020.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གསུམ་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐོ་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་དཔྱིད་དུས་སློབ་འགོ་ཚུགས་པའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་ནས། འགན་སྲུང་བྱེད་ཐབས་སྣ་ཚོགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། རྒྱ་ཆེའི་དགེ་སློབ་ཚོའི་བདེ་འཇགས་བདེ་ཐང་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཐོ་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་དང་ཕེན་ཨན་ཆུའུ་སློབ་འབྲིང་གཉིས་པ། ཟི་ལིང་གྲོང་ཁྱེར་ཧྲི་ཅི་ལས་རིགས་ལག་རྩལ་སློབ་གྲྭ སློབ་འབྲིང་བདུན་པ། མཐོ་རིམ་སློབ་འབྲིང་བཞི་བ། གའོ་ལེན་སློབ་འབྲིང་བཅས་སུ་སོང་ནས། སློབ་གྲྭའི་འགན་ཁུར་མི་སྣ་དང་དགེ་རྒན་ཚོ་དང་བརྗེ་རེས་བྱས་པ་དང་། སློབ་ཁབ་དང་ཟ་ཁང་། ཉལ་ཁང་གི་དོ་དམ་དང་འཕྲལ་བསྟུན་ཐག་གཅོད་ཇུས་གཞི་གཏན་འབེབས། དགེ་སློབ་ཀྱི་གནས་ཚུལ་ཞིབ་བཤེར། སློབ་འགོ་ཚུགས་རྗེས་ཀྱི་སློབ་ཚན་བཀོད་སྒྲིག རིམས་ནད་སྔོན་འགོག་དངོས་ཟོག འཚོ་བའི་དངོས་ཟོག་གྲབས་གསོག་སོགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས།

ལིག་ཐོ་ཡིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ། སློབ་གྲྭ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་པར་འགན་སྲུང་བྱེད་རྒྱུ་དེ་མིག་སྔའི་བྱ་བ་གལ་ཆེན་དུ་བརྩི་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་འགན་སྒྲུབ་ནན་མོ་བྱེད་པ་དང་། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། མཉམ་འགོག་མཉམ་འཛིན་གྱི་རྐྱེན་སྲོལ་ལག་བསྟར་བྱས་ནས། དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་དགོས། སློབ་གྲྭས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་བྱེད་པ། ཐད་བཤད་མཉམ་འགུལ་རྒྱུན་འཁྱོངས་བྱེད་པ། ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་བྱས་ཏེ། དུས་ཐོག་ཏུ་ཉེན་ཁ་སྣ་ཚོགས་མེད་པར་བཟོ་དགོས། རྒྱ་ཆེའི་དགེ་རྒན་དང་ལྷག་པར་དུ་འཛིན་བདག་གིས་ཁྱིམ་བདག་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། སློབ་མའི་བདེ་ཐང་གནས་བབ་དང་བྱ་འགུལ་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཆ་རྐྱེན་འོག སློབ་ཁྲིད་མི་སྐྱོང་བའི་གཙོ་འགན་ལ་དམིགས་ནས། སློབ་གསོ་སློབ་ཁྲིད་གྱི་སྒྲིག་ལམ་བཟང་བར་ཁག་ཐེག་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་པའི་སྐབས་སུ། ལིག་ཐོ་སོགས་ད་དུང་མཚོ་སྔོན་ཚའོ་ཅཱ་པོ་ཁྲལ་སྲུང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་སུ་སོང་ནས། ཀྲུང་གོའི་ཁོངས་བརྒལ་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་ལས་གཞི་འཛུགས་སྐྲུན་གནས་ཚུལ་དང་ཁྲལ་སྲུང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

རིན་ཆེན་མཚོས་བསྒྱུར།