མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་ཡེ་མིན་གྱི་ཕྱོགས་ཁག་སོ་སོས་འཁྲུག་རྩོད་ཀྱི་རིམ་པ་ཇེ་དམའ་རུ་གཏོང་དགོས་པའི་འབོད་སྐུལ་བཏང་།
2020.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚེས་བདུན་ཉིན་ཡེ་མིན་ཕྱོགས་ཁག་སོ་སོས་འཁྲུག་རྩོད་ཀྱི་རིམ་པ་ཇེ་དམའ་རུ་བཏང་སྟེ། ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀི་ལི་ཧྥེ་སི་ཡིས་ཉིན་དེར་ཡེ་མིན་དབུས་ཕྱོགས་ཀྱི་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་མཱ་ལི་པུའུ་ཞིང་ཆེན་དུ་འཚམས་འདྲི་བྱས་པར་མ་ཟད། ས་དེའི་དཔོན་རིགས་དང་གྲོས་མོལ་བྱས། ཁོས་དེའི་རྗེས་སུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧུའུ་སེ་དྲག་ཆས་པ་དང་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་ཅོ་ཧྥུའུ་ཞིང་ཆེན་དང་དེའི་ཉེ་འཁོར་ས་ཁུལ་དུ་བྱུང་བའི་འཁྲུག་རྩོད་ལས་ཡེ་མིན་རྒྱལ་ཁབ་དེ་གཞི་རྒྱ་ཆེ་བའི་དམག་དོན་འཁྲུག་རྩོད་ཀྱི་ཀློང་དུ་ཁྲིད་སྲིད་ཟེར། ཁོས་ཕྱོགས་ཁག་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ་འཁྲུག་རྩོད་ཀྱི་རིམ་པ་ཇེ་དམའ་རུ་གཏོང་བ་དང་། མྱུར་དུ་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལཱ་མུའུ་ཡིས་ཉིན་དེར་བཤད་རྒྱུར། ཡེ་མིན་གནད་དོན་གྱི་སྔོན་འགྲོའི་ཆ་རྐྱེན་ནི་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་སྔོན་ལ་ཡེ་མིན་གྱི་དམག་དོན་འགུལ་སྐྱོད་མཚམས་བཞག་སྟེ། ཡེ་མིན་གྱི་བཀག་སྡོམ་མེད་པར་བཏང་ན། ད་གཟོད་གཟབ་ནན་གྱི་ཆབ་སྲིད་གྲོས་མོལ་སྤེལ་ཐུབ་ཟེར། 

ཟླ་དང་པོའི་ཟླ་སྨད་ཀྱི་ཚུན་ལ། ཧུའུ་སེ་དྲག་ཆས་པ་དང་སྲིད་གཞུང་དམག་དཔུང་བར་བྱང་ཕྱོགས་ཀྱི་ཅོ་ཧྥུའུ་ཞིང་ཆེན་ནས་འཁྲུག་རྩོད་དྲག་པོ་བྱུང་། ཧུའུ་སེ་དྲག་ཆས་པས་ཟླ་གསུམ་པའི་ཚེས་གཅིག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་བར་གཟའ་འཁོར་འགའི་རིང་འཐབ་རྩོད་བྱས་པ་བརྒྱུད། དྲག་ཆས་ཕྱོགས་ཁག་དེས་ཉིན་དེར་ཅོ་ཧྥུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧཱ་ཙི་མུའུ་ཡི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་ཡོད་ཟེར། 

ཧཱ་ཙི་མུའུ་ནི་ཡེ་མིན་བྱང་ཕྱོགས་ཀྱི་འཐབ་ཇུས་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པ་དང་། གྲོང་ཁྱེར་དེ་འཕྲོག་ལེན་བྱས་པ་ལས་ཧུའུ་སེ་དྲག་ཆས་པས་ཅོ་ཧྥུའུ་ཞིང་ཆེན་མིང་དོན་མཚུངས་པའི་ཚོད་འཛིན་བྱས་པ་མཚོན་ཡོད་ལ། ཞོར་དུ་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་མཱ་ལི་པུའུ་ཞིང་ཆེན་ལ་འཇིགས་ཉེན་ཐེབས་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།