མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.03.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 75

ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བོད་ཁུལ་གྱི་ཁེ་ལས་ཀྱི་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། རིམས་འགོག་ཐད་ཀྱི་ལྷོད་གཡེང་བསམ་བློ་ཁྱད་སེལ་བྱེད་པ། ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་གཅིག་གྱུར་དམ་འཛིན་བྱས་ནས། སྤུས་ཚད་མཐོན་པོས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

མགོན་པོ་བཀྲ་ཤིས་སོགས་སྔ་གཞུག་ཏུ་གཅན་ཚ་རྫོང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཐོན་ལས་གཅིག་བསྡུས་ར་བ་དང་རྩེ་ཁོག་རྫོང་དེང་རབས་ཞིང་ལས་ཐོན་ལས་ར་བ། གཙང་གསུམ་འབྱུང་ཡུལ་བསྟན་པ་དར་རྒྱས་འཁལ་འཐག་ཚད་ཡོད་ཀུང་ཟི་སོགས་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་སོང་ནས། ར་བ་དང་ཁེ་ལས་ཀྱི་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་ཐད་ཀྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫུས་མཁོ་འདོན་དང་ཐོན་སྐྱེད་ཚོང་གཉེར་དང་ལས་བཟོ་བའི་འཚོ་བའི་འགན་སྲུང་སོགས་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ཁེ་ལས་ཀྱི་འགན་ཁུར་མི་སྣས་ཐོན་སྐྱེད་ཁོར་ཡུག་དུག་སེལ་བྱེད་པ་དང་འཕྲོད་བསྟེན་འགོག་སྲུང་སྤྱོད་རྫས་སྟེར་བའི་བྱ་བ་བཟང་བོར་བསྒྲུབ་ནས། ལས་བཟོ་བའི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ཆེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁུལ་དང་རིམ་པ་བགར་བ་དང་སྲིད་ཇུས་བཟང་བོ་སྤྱད་དེ་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཇུས་ཆོད་ལག་བསྟར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གཅིག་གྱུར་སྒོས་སྤེལ་ནས། ཕྱོགས་གཉིས་ཀ་དམ་འཛིན་བྱེད་པ་དང་གཉིས་ཀ་འཐུས་ཤོར་མི་འབྱུང་བར་བྱེད་དགོས། ར་བའི་ཁུལ་གྱི་དགེ་མཚན་ལ་བརྟེན་པ་དང་། ས་གནས་དཔལ་འབྱོར་གྱི་ཁྱད་ཆོས་འདོན་སྤེལ་བྱེད་པ། སྲོལ་རྒྱུན་ཕྱུགས་ལས་རིམ་སྤོར་སྐབས་བརྗེ་བྱེད་པ། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་དགོས། ཁེ་ལས་ཀྱིས་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། རྒྱུན་མཐུད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཞོར་དུ་ལས་འགོ་བརྟན་བརླིང་ངང་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། ཧུར་ཐག་གིས་རྨ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དང་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།