ཝང་ཀྲིན་ཧྲིན་གྱིས་མཚོ་ཤར་དང་རྨ་ལྷོའི་སྤྱི་བདེ་བྱ་བར་ལྐོག་ཞིབ་བྱས།
2020.03.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་གསུམ་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་མིན་ཧི་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། ཐུན་རིན་རྫོང་སོགས་ས་ཁུལ་གྱི་སྤྱི་བདེ་མངགས་གཏོང་ཁང་དང་ཞིབ་བཤེར་ས་ཚིགས། ལས་སྒྲུབ་ས་ཚིགས་བཅས་སུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ལས་དོན་ལ་ལྐོག་ཞིབ་དང་ཡུལ་དངོས་ནས་ཞིབ་བཤེར་བྱས་པར་མ་ཟད། ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པར་འཚམས་འདྲི་བྱས།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན།  མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་ལ་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་ལས་ཐོན་སླར་གསོ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཏུ། སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་སོགས་ཐད་འགྲན་རྩོད་གསར་པ་མང་པོར་འཕྲད་ཡོད་པས། རང་རྟོགས་སྒོས་བྱེད་ཐབས་སྤྱད་ནས་དམ་འཛིན་ནན་མོ་བྱེད་པ་དང་དམ་འཛིན་ཞིབ་ཚགས་བྱེད་པ། སྔོན་འགོག་ཚོད་འཛིན་ནན་མོ་བཅས་བྱེད་པའི་དུས་མཚུངས་སུ། བརྟན་འཇགས་སྲུང་སྐྱོབ་ལས་དོན་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ་ཟུང་འབྲེལ་གཉིས་དང་སྐུལ་འདེད་གཉིས་ཀྱི་ལས་དོན་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་ཀུན་ཏུ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཉེན་ཁ་སྔོན་འགོག་ནན་མོ་བྱ་རྒྱུ་གཞི་གཅིག་ཏུ་འཛིན་རྒྱུ་དེ་འགག་རྩར་བརྩིས་ནས། སྤྱི་ཚོགས་རྒྱུན་མཐུད་བརྟན་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ། དྲ་རྒྱ་དང་གློག་འཕྲིན་གྱི་ལམ་ནས་མགོ་གཡོག་མགོ་བསྐོར་གཏོང་བ་དང་ཁ་འཁྲུག་བཤད་ཡམས་ལ་རྡུང་རྡེག་དྲག་པོ་གཏོང་བ་སོགས་དམངས་འཚོའི་གནོད་འཚེ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་འཇུག་སྒོར་བརྩིས་ནས། མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།