མཚོ་སྔོན་གློག་དྲའི་རྨང་གཞི་འཛུགས་སྐྲུན་བཟོ་སྐྲུན་ཡང་བསྐྱར་འཛུགས་སྐྲུན་བྱེད་འགོ་བརྩམས།
2020.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་གསུམ་པའི་ཚེས་བཅུ་ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཝུའུ་ཐུའུ་མེ་རིན་སྟོང་ཧྥུ་སུམ་བརྒྱ་སུམ་ཅུའི་ཕྱོགས་བསྡུས་ས་ཚིགས་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་གྱིས་ཡུལ་དངོས་ལས་གཞི་པུའུ་འཛུགས་སྐྲུན་དང་རྨང་གཞི་རྐོ་འདྲུ་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པ་དང་། མཚོ་སྔོན་དང་ཧི་ནན་བར་གྱི་ཐད་རྒྱུག་མཐོ་གནོན་བཟོ་སྐྲུན་ཆ་སྡེབས་ནུས་ཁུངས་གསར་བ་སྐྱེལ་བའི་བཟོ་སྐྲུན་ཡིན་པའི་ཆ་ནས། ལས་གཞི་ལག་བསྟར་བྱེད་འགོ་བརྩམས་པ་དེས་མཚོ་སྔོན་གྱི་རྨང་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་མྱུར་སྒོས་ཡང་བསྐྱར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་མཚོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དང་ཧི་ནན་བར་གྱི་ཐད་རྒྱུག་མཐོ་གནོན་བཟོ་སྐྲུན་ཆ་སྡེབས་ནུས་ཁུངས་སྐྱེལ་འདྲེན་བཟོ་སྐྲུན་བསྡོམས་པས་ལྔ་ཡོད་པ་དང་། དེའི་ཁྲོད་ཝུའུ་ཐུའུ་མེ་རིན་གྱི་སྟོང་ཧྥུ་སུམ་བརྒྱ་དང་སུམ་ཅུའི་ཕྱོགས་བསྡུས་ས་ཚིགས་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་ལས་གཞན། ད་དུང་ཧོང་ཆི་ཨང་རྟགས་དང་པོ་དང་ཨང་རྟགས་གསུམ་པ། ས་གྲུ་བཞིའི་ཕྱོགས་བསྡུས་ས་ཚིགས་སྟོང་ཧྥུ་སུམ་བརྒྱ་དང་སུམ་ཅུའི་སྐྱེལ་འདྲེན་བཟོ་སྐྲུན་བཅས་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་དུ་འཕྲོ་རིམ་འཕྲོར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། སྔོན་རྩིས་ལྟར་ན་ཟླ་བདུན་པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་བཀོལ་སྤྱོད་བྱེད་རྒྱུ་ཡིན་ལ། བཀོལ་སྤྱོད་བྱས་རྗེས་མཚོ་ནུབ་དང་མཚོ་ལྷོ་གཉིས་ཀྱི་སྟོང་ཝ་རིམ་པའི་དག་གཙང་ནུས་ཁུངས་རྟེན་གཞིའི་ནུས་ཁུངས་གསར་བའི་སྐྱེལ་འདྲེན་དགོས་མཁོ་སྐོང་རྒྱུ་རེད་ཟེར།

ལས་གཞི་འཛུགས་སྐྲུན་བྱེད་པའི་སྐབས་སུ། ཡུལ་དངོས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་གཞི་ཇེ་དྲག་ཏུ་གཏོང་བ་དང་། རྒྱུན་མཐུད་ངང་བཟོ་སྐྲུན་འཛུགས་སྐྲུན་དུས་སྐབས་དང་ཐོན་ཁུངས་དངུལ་གཏོང་ལེགས་བསྒྱུར་བྱས་ནས། འཆར་གཞི་བཟང་བོ་འགོད་པ་དང་ལས་གཞི་གོ་རིམ་ལྡན་པ་དང་ཤུགས་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་རྒྱུ་རེད། མིག་སྔའི་ཟླ་གསུམ་པའི་ཚེས་དགུ་ཉིན། མཚོ་སྔོན་གློག་དྲའི་སྟོང་ཧྥུ་སོ་ལྔ་ཡན་གྱི་གཞི་རིམ་འཛུགས་སྐྲུན་བཟོ་སྐྲུན་ཐད་ནས་ལས་གཞི་ང་དྲུག་ཡང་བསྐྱར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཡང་བསྐྱར་འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་གྱ་གཉིས་སུ་སླེབས། མཚོ་སྔོན་གྱི་ཆུའུ་གཉིས་ཁུལ་གཉིས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་ཉིས་བརྒྱ་དང་བཅོ་བརྒྱད་ཡང་བསྐྱར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་གྱ་བརྒྱད་ལ་སླེབས།

རིན་ཆེན་མཚོས་བསྒྱུར།