མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་གསུམ་པ་བསྡུས།
2020.03.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 35

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཤ་བོ་གསེར་མཚོས་བཀོད་པའི་གསར་འགྱུར།

ཟླ3པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་གསུམ་པ་ཟི་ལིང་དུ་བསྡུས་པ་དང་།  ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་དང་རྒྱུན་རྣམ་སྔོན་འགོག་བྱ་བའི་བཀོད་སྒྲིག་ལེགས་པོར་བསྒྲུབ་པ། ཞིང་ཆེན་ཡོངས་ཀྱི་སློབ་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་ཚོགས་འགོ་རྩོམ་པའི་བཀོད་སྒྲིག  མཚོ་སྔོན་གྱི་ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་བསྐྱོད་པའི་སྨན་ཞབས་རུ་ཁག་གི་འབྲེལ་ཡོད་གནས་ཚུལ་དང་ཕྱི་རྒྱལ་ནས་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་རྣམས་ལ་བཏོན་པའི་སྔོན་འགོག་བྱེད་ཐབས་སོགས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་གནས་ཚུལ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་དང་། ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་དབྱང་ཧྥ་ཡུས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཞུག་ཀྲོང་། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཆང་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་ནད་ཡམས་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་ཝང་ཀྲིས་མིན་གྱིས་སྒྲོག་སྤེལ་ཚོགས་འདུར་འགོ་འཛིན་བྱས།

ཟླ3པའི་ཚེས6ཉིན་གྱི་ཆུ་ཚོད12སྟེང་ཞིང་ཆེན་ཡོངས་ཀྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་གྱི་རིམས་ནད་ཟློག་རིམ་དེ་གསུམ་པ་ནས་རིམ་པ་བཞི་བར་བསྒྱུར་བ་ནས་བཟུང་ཞིང་ཆེན་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་བཏང་ཞིང་། རིམས་ནད་འགོག་སྡོམ་གྱི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པར་གཞིགས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། རིགས་དབྱེ་མཛུབ་སྟོན། ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཤུགས་གང་ཡོད་བཏོན།

ཐེངས་འདིའི་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་ཁུལ་ལེགས་སྒྲིག་དང་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ། སྤྱི་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྣང་ཚུལ་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་སྒྲུབ་པ།  ཟླ3པའི་ཚེས9ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ནུས་ཤུགས་ཡོད་རྒུས་སློབ་འགོ་ཚུགས་པའི་ལས་དོན་ལ་མཐོང་ཆེན་བྱས་ཏེ། ཚེས18ཉིན་བར་དམའ་རིམ་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ390སློབ་འགོ་ཚུགས་ཏེ། སློབ་མ་འབུམ་གཉིས་དང་ཁྲི་གསུམ་སྟོང་དྲུག་དང་ཉིས་བརྒྱ་ཡིས་སློབ་གྲྭར་འབྱོར་ཐོ་བཀོད་ཡོད་པ་དང་། དེ་བཞིན་སློབ་ཁྲིད་ཀྱི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། སློབ་གྲྭ་ཁག་གི་འགོག་སྲུང་བྱ་ཐབས་ཞིབ་ཚགས་བྱེད་པ་དང་སློབ་འགོ་ཚུགས་པ་དང་སློབ་ཁྲིད་སླར་གསོའི་ལས་དོན་ལ་མཐོང་ཆེན་གང་ལེགས་བྱེད་བཞིན་ཡོད།

ཚེས17ཉིན་ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་བསྐྱོད་པའི་སྨན་བཅོས་མི་སྣ་102ཕྱིར་མཚོ་སྔོན་དུ་ལོག་པ་དང་།   དེ་དག་ནི་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་སྨན་བཅོས་སྡེ་ཁག25ཡིས་བདམ་ནས་མངགས་པ་རེད་ལ། མིག་སྔར་རང་ཞིང་གིས་སྨན་བཅོས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཧུའུ་པེ་ཞིང་ཆེན་གྱི་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་རེད།

དེ་བཞིན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་སྐབས་ཀྱི་ལས་ཀའི་ལམ་སྲོལ་མགྱོགས་མྱུར་ངང་ལག་བསྟར་བྱས་པ་དང་། ཉེན་ཁ་སྔོན་འགོག་བྱས་པ། བདེ་འཇགས་འགན་ལེན་བྱས་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ། རིམས་ནད་ནང་དུ་མཆེད་པའི་ཉེན་ཁར་དོགས་ཟོན་བྱས་ནས་རིམས་ནད་ཚོད་འཛིན་གྱི་བྱ་བ་ཧུར་ཐག་སྒོས་སྤེལ་བཞིན་ཡོད་པ་རེད།