ཏན་མག་གི་དབུ་བཞུགས་བློན་ཆེན་གྱིས་ལས་ཐོན་སླར་གསོ་དང་སློབ་ཁྲིད་སླར་གསོའི་ཐོག་མའི་འཆར་གཞི་ཁྱབ་སྒྲོག་བྱས། 
2020.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཚེས་དྲུག་ཉིན་བསྟན་དོན། ཏན་མག་གིས་ཉེ་སྔོན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན་པ་དང་། སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་ནས་བཟུང་རིམ་བཞིན་ཚོད་འཛིན་ལྡན་པའི་སྒོ་ནས་བཀག་རྒྱ་ལྷོད་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཉིན་དེར་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཏན་མག་གིས་ཉེ་སྔོན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན་པ་དང་། རིམས་ནད་ཀྱི་གཞི་གྲངས་སོ་སོར་གཏན་འཇགས་ངང་ཚོད་འཛིན་ཐུབ་པ་བྱུང་ཡོད། གལ་ཏེ་མང་ཚོགས་ཀྱིས་མུ་མཐུད་དུ་རིམས་འགོག་གཏན་འཁེལ་བརྩི་སྲུང་བྱས་ན། སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་ནས་བཟུང་ལས་ཁུངས་སྐོར་ཞིག་གི་བཀག་འགོག་མེད་པར་གཏོང་རྒྱུ་ཡིན། དེའི་ནང་བྱིས་བཅོལ་ཁང་དང་སློབ་ཆུང་གི་ལོ་རིམ་དང་པོ་ནས་ལོ་རིམ་ལྔ་བའི་བར་འདུས། ཁོ་མོས་ནན་གྱིས་བསྟན་དོན། གོང་གི་ལས་ཁུངས་དག་གི་སྒོ་སླར་འབྱེད་མ་བྱས་གོང་བྱེད་ཐབས་སྤྱོད་དགོས་ལ། བྱིས་པའི་བར་གྱི་ལུགས་མཐུན་བར་ཐག་ལ་ཁག་ཐེག་བྱེད་དགོས། ལོ་ངོ་དྲུག་པ་ནས་ལོ་རིམ་བཅུ་བའི་བར་གྱི་སློབ་མ་དག་གིས་ཟླ་ལྔ་བའི་ཚེས་བཅུ་ཉིན་བར་མུ་མཐུད་དུ་རང་ཁྱིམ་ནས་སློབ་སྦྱོང་བྱེད་དགོས་ཟེར། དེའི་ཞོར་དུ་ད་ལོའི་མཐོ་འབྲིང་གི་སློབ་ཞུགས་རྒྱུགས་ལེན་རྩིས་མེད་དུ་བཏང་ནས་སྔ་ལོའི་སྦྱངས་འབྲས་གཞིར་འཛིན་རྒྱུ་ཡིན་ཟེར། 

ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ད་རུང་ཁྱབ་སྒྲོག་བྱས་དོན། མི་བཅུའི་ཡན་མཉམ་དུ་འདུ་བར་མུ་མཐུད་དུ་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། མཐའ་མཚམས་བཀག་སྡོམ་དང་ཚོང་ར། དཔེ་མཛོད་ཁང་། གློག་བརྙན་ཁང་། ཟ་ཁང་སོགས་ལྔ་ཟླ་ལྔ་བའི་ཚེས་བཅུའི་བར་སྒོ་བརྒྱག་རྒྱུ་ཡིན། དེའི་ཞོར་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་རོལ་དབྱངས་ཚོགས་འདུ་སོགས་བྱ་འགུལ་ཆེན་མོ་དག་ཟླ་བརྒྱད་པའི་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར། ཁོ་མོས་ད་རུང་བསྟན་དོན། གལ་ཏེ་མ་འོངས་པའི་གཟའ་འཁོར་གཅིག་གི་ནང་རིམས་ནད་འགོག་བཅོས་གནས་བབ་ཇེ་སྡུག་ཏུ་སོང་ན། ལས་ཐོན་སླར་གསོ་དང་སློབ་ཁྲིད་སླར་གསོའི་ཐོག་མའི་འཆར་གཞི་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར། 

ཏན་མག་རྒྱལ་ཁབ་ཀྱི་དྭངས་ཁྲག་ཞིབ་འཇུག་ཁང་ཁང་གི་ལག་བསྟར་མགོ་བ་གཞོན་པ་མའོ་ཨར་པཱ་ཁི་ཡིས་བལྟས་ན། མང་ཚོགས་ཀྱིས་མུ་མཐུད་དུ་སྲིད་གཞུང་གི་གཏན་འཁེལ་བརྩི་སྲུང་བྱས་ན། ལས་ཐོན་སླར་གསོ་དང་སློབ་ཁྲིད་སླར་གསོའི་ཐོག་མའི་འཆར་གཞི་ནི་ལུགས་མཐུན་ཡིན་པར་འདོད། 

ཏན་མག་རྒྱལ་ཁབ་ཀྱི་དྭངས་ཁྲག་ཞིབ་འཇུག་ཁང་གིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཏན་མག་ཏུ་མིག་སྔར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཞིབ་བཤེར་བྱས་པའི་མི་ཁྲི་བཞི་དང་སྟོང་བདུན་སུམ་བརྒྱ་བཞི་བཅུ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་བཞི་དང་དྲུག་བརྒྱ་གྱ་གཅིག་ཡོད་ལ། ནད་པ་བརྒྱ་དང་གྱ་བདུན་རྐྱེན་ལམ་དུ་ཤོར། གཞན་ཡང་ནད་པ་སྟོང་གཅིག་དང་སུམ་བརྒྱ་དོན་བརྒྱད་དྲག་སྐྱེད་བྱུང་ཡོད་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།