ཞི་ཅིན་ཕིང་དང་ལིས་ཁི་ཆང་གིས་བདེ་འཇགས་ཐོན་སྐྱེད་ཐད་མཛུབ་སྟོན་གལ་ཆེན་གནང་།
2020.04.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 393

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་བདེ་འཇགས་ཐོན་སྐྱེད་ཐད་མཛུབ་སྟོན་གལ་ཆེན་གནང་ནས། མིག་སྔར་རྒྱལ་ཡོངས་ཀྱིས་ཐོན་ལས་སླར་གསོ་བྱེད་བཞིན་ཡོད་ཅིང་། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་། ས་ཁུལ་དང་རིགས་དགར་ནས་བདེ་འཇགས་ལྟ་རྟོག་དོ་དམ་གྱི་བཅའ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་བྱེད་པ། ཁེ་ལས་ཀྱི་འགན་འཁྲི་གཙོ་བོའི་དངོས་འབེབ་ལ་ཤུགས་སྣོན། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་ཚད་གཞི་སྲུང་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན། 

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་གནས་ཚུལ་ལ་བལྟས་ན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་གྱི་སྤྱི་གྲངས་དང་དོན་རྐྱེན་ཆེན་པོ། དོན་རྐྱེན་ཚབ་ཆེན་མོ་བཅས་ཀྱི་ཚད་བསྟུད་མར་ཇེ་དམའ་རུ་འགྲོ་བ་མངོན་འགྱུར་བྱུང་ཞིང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྔར་ལས་ཇེ་བཟང་དུ་སོང་ཡོད་ཀྱང་། ཉེན་ཁ་སྔར་བཞིན་མང་བོ་ཡོད་སྟབས་དེའི་ཐད་བྱ་བ་སྔར་ལས་མང་བོ་བསྒྲུབ་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ་དང་། འཕེལ་རྒྱས་ཁོ་ན་བསམ་ནས་བདེ་འཇགས་བློས་གཏོང་མི་རུང་བ་དང་། བདེ་འཇགས་ཐོན་སྐྱེད་དེ་ནི་སྤྱིར་བཏང་གི་དོན་ཞིག་ཏུ་རློམ་སྟེ། རྣམ་པའི་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་འབྱུང་མི་རུང་། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་དག་གི་ཁྱད་ཆོས་གཙོ་བོ་དང་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ཏེ། རིམ་པ་བཞིན་དུ་འགན་འཁྲི་དངོས་འབེབ་དང་བཅོས་བསྒྱུར་དངོས་འབེབ་ནན་འཛིན་བྱེད་པ། ཉེན་ཁའི་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་བཏང་ནས། རྩ་བའི་ཐོག་ནས་དོན་རྐྱེན་འབྱུང་བའི་ཉེན་ཁ་སེལ་དགོས་པ་དང་ཕན་ནུས་ལྡན་པའི་སྒོ་ནས་དོན་རྐྱེན་ཆེས་ཆེན་མོ་འབྱུང་བར་སྔོན་འགོག་བྱེད་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། མིག་སྔར་རྒྱལ་ཡོངས་སུ་གཅིག་གྱུར་བཀོད་འདོམ་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དང་ཐོན་ལས་སླར་གསོ་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དང་བྱ་བ་ལྷོད་ཡངས་གཏན་ནས་བྱེད་མི་རུང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ། རིམ་པ་སོ་སོའི་འགན་འཁྲི་དངོས་འབེབ་བྱེད་པ། ཁྱབ་ཁོངས་སོ་སོ་དང་ལས་རིམ་སོ་སོའི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁར་རྩད་ཞིབ་ཐག་གཅོད་གང་ལེགས་བྱེད་པ། ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་སྤེལ་དགོས། མ་ལག་བཅོས་སྐྱོང་དང་གནད་འཁེལ་ཇུས་འདོན་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་དང་གཏེར་ཁ། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ལས་ར་བ། གྲོང་ཁྱེར་འཛུགས་སྐྲུན། ཉེན་ཁ་བའི་མཁོ་མེད་དངོས་པོ་སོགས་ཁྱབ་ཁོངས་སོ་སོའི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་མ་ལག་དང་རྩད་ཞིབ་བཅོས་སྐྱོང་དང་ཉེན་ཁའི་འགོག་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། ཁྲིམས་འཛིན་དང་བདེ་འཇགས་ཞབས་ཞུའི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། དོན་རྐྱེན་ཚབ་ཆེན་མོ་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན། 

རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་ཉིན་པེ་ཅིང་ནས་བསྡུས། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་ཏེ་སློབ་སྦྱོང་བྱས། གྲོས་ཚོགས་ནས་ན་ནིང་ཚུན་གྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་སྙན་ཞུ་བྱས་པར་མ་ཟད། གཅིག་གྱུར་བཀོད་འདོམས་བྱས་ཏེ་མིག་སྔར་ཐོན་ལས་སླར་གསོའི་བདེ་འཇགས་དོགས་ཟོན་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་གཏན་འཇགས་ངང་སྤེལ་བར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཧི་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡུང་། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་གཞིར་བཟུང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབ་ནན་མོ་བྱེད་པ་དང་། ཐོན་ལས་སླར་གསོའི་བདེ་འཇགས་དོགས་ཟོན་བྱ་བ་ཞིབ་ཏུ་འཛིན་དགོས་པའི་རེ་བ་བཏོན། 

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཐེན་ཅིན་དང་ཨན་ཧོས། ཀོང་ཏུང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ཐོག་ནས་བརྗེ་རེས་གཏམ་བཤད་སྤེལ། དེའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།