ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་ཚོང་ལས་ལས་འགོ་འཛུགས་པ་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་གསུམ་པ་བསྡུས།
2020.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་4པའི་ཚེས་22ཉིན། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་ཚོང་ལས་ལས་འགོ་འཛུགས་པ་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་གསུམ་པ་བསྡུས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོའི་སྤྱིའི་འཕེལ་རིམ་གྱི་གནས་ཚུལ་ལ་ཉན་པར་མ་ཟད། གོམ་སྟབས་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།  ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ངོས་འཛིན་མཐོར་འདེགས་གཏོང་བ། བྱ་ཐབས་གཏན་འབེབས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པ། “བརྟན་འཇགས་དྲུག”གི་བྱ་བ་ཡག་པོ་སྒྲུབ་པ། “འགན་སྲུང་དྲུག”གི་བྱ་ཐབས་ལ་ཤུགས་སྣོན་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

ལིའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ནང་རྒྱལ་ཁབ་ཕྱི་ནང་གི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་གསར་པ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མིག་སྔའི་དཔལ་འབྱོར་བྱ་བར་ཞིབ་འཇུག་བཀོད་སྒྲིག་གནང་ནས་ང་ཚོས་བྱ་བ་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཀྲུང་དབྱང་གི་དབྱེ་ཞིབ་ཁྲོད་ནས་འགྲན་སློང་སྔར་བྱུང་མྱོང་མེད་པའི་ཛ་དྲག་གི་རྣམ་པར་ངོས་འཛིན་གསལ་པོ་བྱེད་པ། ཀྲུང་དབྱང་གི་བཀོད་སྒྲིག་ཁྲོད་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་དམ་འཛིན་བྱེད་པ། ཀྲུང་དབྱང་གི་བླང་བྱའི་ཁྲོད་ནས“འགན་སྲུང་དྲུག”གི་བྱ་བ་ཡག་པོ་སྒྲུབ་པའི་ཚད་མཐའི་བསམ་བློ་བརྟན་པོར་འཛུགས་པ་བཅས་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”བྱེད་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་བླང་བྱ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་དོན་འཁྱོལ་བྱེད་དགོས་ཟེར།

ལིའུ་ཉིང་གིས་ནན་གྱིས་བསྟན་དོན། དོན་འཁྱོལ་ལ་དམ་འཛིན་ནན་མོ་དང་དམག་འཐབ་བྱས་ཀྱང་ལྷོད་གཡེང་མི་གཏོང་བ། མཁྲེགས་གཏོར་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་མོ་བྱེད་པ། ལོ་ཧྲིལ་པོའི་དམིགས་འབེན་ལ་དམ་པོར་དམིགས་ཏེ་གཡོ་འགུལ་མི་གཏོང་བ། དུས་ཚིགས་ཡག་ཤོས་ལ་དམ་འཛིན་ནན་མོ་བྱེད་པ། འགན་འཁྲི་དོན་འཁྱོལ་ལ་ལྷོད་གཡེང་མི་གཏོང་བ། ནུས་ཤུགས་ཡོད་རྒུས་དཀའ་ངལ་མཉམ་སེལ་བཅས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་དགོས་ཟེར།

རྒྱུན་ལས་ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ལིས་ཅེ་ཞང་གིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡན་ཅིན་ཧེ་དང་། ཁོང་ཡུང་། ཝང་ལིས་མིང་། ལིའུ་ཐའོ་བཅས་ཚོགས་འདུར་ཞུགས།

ཡིག་སྒྱུར་བ། ཤ་བོ་གསེར་མཚོ།