ཞི་ཅིན་ཕིང་གིས་ཀྲིན་ཀྲིག་ཡོན་ཧྥང་སྡེ་ཚོགས་ཀྱི་ལས་བཟོ་བར་འཕྲིན་ལན་བསྐུར་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་མཛད།
2020.05.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཀྲིན་ཀྲིག་ཡོན་ཧྥང་སྡེ་ཚོགས་ཀྱི་ལས་བཟོ་བ་ཚང་མར་འཕྲིན་བསྐུར་བ་དང་། ཁོ་ཚོ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་མཛད། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་རྗེས་སུ། ཁྱོད་ཚོས་སྡེ་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཏུ། ནམ་རྒྱུན་གཙང་སྦྲ་དང་དོ་བདག་སོགས་ལས་གནས་གཏན་སྲུང་བྱས་ཤིང་། བློ་མཐུན་མི་ཉུང་བ་ཞིག་གིས་རང་འགུལ་གྱིས་ཝུའུ་ཧན་སོགས་ས་ཁུལ་གྱི་སྨན་ཁང་ལ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་པ་དང་། དོན་དངོས་བྱ་སྤྱོད་ལས་རིམས་ནད་འགོག་རྒོལ་ཐད་བྱས་རྗེས་བཞག་ཡོད། ཚང་མས་དཀའ་ལས་མྱངས་སོང་། 

ཞི་ཅིན་ཕིང་གིས་བསྟན་དོན། རླབས་ཆེན་སྤྱིར་བཏང་ལས་བྱུང་བ་དང་དཔའ་བོ་མི་དམངས་ལས་བྱུང་བ་ཡིན། ཐེངས་འདིའི་ཐོལ་བྱུང་གི་རིམས་ནད་གནས་ཚུལ་མདུན་ནས། ལས་ཡུལ་དང་པོའི་སྨན་བཅོས་མི་སྣ་དང་ཕྱོགས་སོ་སོའི་རིམས་འགོག་གི་ལས་ལ་ཞུགས་པའི་མི་སྣ། ཁོར་སྲུང་ལས་བཟོ་བ། མྱུར་སྐྱེལ་མཁན། རིམས་འགོག་དངོས་རྫས་ཐོན་སྐྱེད་བྱེད་པའི་བཟོ་བ་སོགས་གང་ཡིན་ཡང་། ངལ་རྩོལ་མང་ཚོགས་ཁྲི་སྟོང་མང་བོས་རང་རང་གི་ལས་གནས་སུ་དཀའ་སྤྱད་འབད་བརྩོན་དང་རང་ནུས་ཅི་ཡོད་བཏོན་ནས། རིམས་ནད་འགོག་རྒོལ་གྱི་སྟོབས་ཤུགས་ཆེན་པོ་ཆགས་སུ་བཅུག་ཡོད། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་སྲུང་འཛིན། ངལ་རྩོལ་སྙིང་སྟོབས་དར་སྤེལ་བྱེད་པ། དཀའ་ཁག་དང་ཉེན་ཁ་ཁྱད་བསལ་བྱས་ཏེ། སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པའི་གཏམ་རྒྱུད་བྲིས་ཡོད་པ་དང་། རང་ཉིད་ཀྱི་དཀའ་སྡུག་གི་ངལ་རྩོལ་ལ་བརྟེན་ནས་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་མང་བོ་བཞག་ཡོད། 

ཡོན་ཧྥང་སྡེ་ཚོགས་ནི་ཧི་ནན་ཞིང་ཆེན་ཀྲིན་ཀྲིག་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཞབས་ཞུ་ཅན་གྱི་དམངས་གཉེར་ཁེ་ལས་ཤིག་ཡིན་པ་དང་། ད་ལྟ་ལས་བཟོ་བ་ཁྲི་དྲུག་ཡོད། དེའི་ནང་ཏང་ཡོན་ལྔ་བརྒྱ་ལྷག་འདུས། ཉེ་སྔོན། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་འཐུས་མི། ཡོན་ཧྥང་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཞོས་རོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ཏེ། ལས་བཟོ་བ་ཚང་མའི་ཚབ་བྱས་ཏེ་རང་རང་གི་ལས་གནས་གཏན་སྲུང་དང་རིམས་འགོག་ལ་ཧུར་ཐག་སྒོས་ཞུགས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། འགན་འཁྲི་མཉམ་ཁུར་དང་དཀའ་ཁག་མཉམ་སེལ་བྱེད་པའི་ཆོད་སེམས་མཚོན་པར་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།