རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་འཛམ་གླིང་ངལ་རྩོལ་ཚོང་རའི་སྔར་ལས་བཟང་བའི་རྒྱུན་རྣམ་འཛུགས་དགོས་པའི་འབོད་སྐུལ་བཏང་།
2020.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་ལྔ་བའི་ཚེས་གཅིག་ཉིན་རྒྱལ་སྤྱིའི་ངལ་རྩོལ་ཐོན་པའི་སྐབས་སུ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལའེ་ཏི་ཡིས་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་མངོན་པའི་འཛམ་གླིང་ངལ་རྩོལ་ཚོང་རར་གནས་པའི་འདྲ་མཉམ་མིན་པའི་སྣང་ཚུལ་ཐག་གཅོད་བྱས་ཏེ། འཛམ་གླིང་ངལ་རྩོལ་ཚོང་རའི་སྔར་ལས་བཟང་བའི་རྒྱུན་རྣམ་འཛུགས་དགོས་པའི་འབོད་སྐུལ་བཏང་། 

ཁོས་བཤད་རྒྱུར། ཐེངས་འདིའི་རིམས་ནད་ཀྱིས་འཛམ་གླིང་ངལ་རྩོལ་ཚོང་རའི་ཁྲོད་ཀྱི་གཏན་འཇགས་མིན་པ་དང་འདྲ་མཉམ་མིན་པའི་སྣང་ཚུལ་འབུར་དུ་ཐོན་པར་བྱས་ཡོད། འཛམ་གླིང་ཡོངས་ཀྱི་ངལ་རྩོལ་མཁན་བཅུ་ཆའི་དྲུག་གིས་ཚད་ལྡན་མིན་པའི་དཔལ་འབྱོར་ལ་བརྟེན་ནས་འཚོ་བཞིན་ཡོད་ཀྱང་། ཚད་ལྡན་མིན་པའི་དཔལ་འབྱོར་ལ་རིམས་ནད་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་མི་འགྱངས་པར་ལྟོགས་སྐོམ་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་ཟེར། 

ཁོས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ་སྔར་བཞིན་ལས་གནས་གཏན་སྲུང་བྱེད་མཁན་མེད་དུ་མི་རུང་། དཔེར་ན་གཙང་དག་མཁན་དང་ཚོང་རའི་དངུལ་བསྡུ་བ། སྐྱེལ་འདྲེན་མི་སྣ་སོགས་འདུས། ཁོ་ཚོ་ནམ་རྒྱུན་ཀུན་གྱིས་བསམ་བློ་མི་གཏོང་བ་དང་ཅི་མི་སྙམ་པར་སྣང་མེད་དུ་བསྐྱུར་སྲིད། མི་དེ་དག་གི་བྱ་བ་དང་ལ་རྒྱའི་འགན་སྲུང་ལ་ཤུགས་སྣོན་པ་ནི་མ་འོངས་པར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་ཟེར། 

ཁོས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་མཇུག་སྒྲིལ་མེད་ཀྱང་། མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། རིམས་ནད་མཇུག་སྒྲིལ་རྗེས་ང་ཚོར་སྒུག་ཡོད་པ་ནི་སྤྱི་ཚོགས་རྩ་འཛུགས་ཀྱི་རྣམ་པ་དང་བྱ་བའི་བྱེད་ཐབས་ཀྱི་རྒྱུན་རྣམ་གསར་བ་ཞིག་ཡིན་པར་འདོད་ཡོད། ཟླ་ལྔ་བའི་ཚེས་གཅིག་ཉིན་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་རྣམ་གསར་བ་འདིར་ལྟ་ཞིབ་བྱེད་པ་དང་། ཧུར་ཐག་སྒོས་སྔར་ལས་བཟང་བའི་རྒྱུན་རྣམ་ཞིག་དུ་འགྱུར་བར་བྱེད་དགོས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།