མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ལས་གཞི་སླར་གསོ་བྱེད་ཚད་བརྒྱ་ཆའི་བདུན་ཅུ་ལ་སླེབས་པ་དང་། ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་གྱི་ལས་གཞི་སླར་གསོ་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ཡན་དུ་སླེབས།
2020.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32


གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་བར། ཞིང་ཆེན་ཡོངས་སུ་བསྡོམས་པས་ཆུ་བེད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་དྲུག་ས་ཡ་གཉིས་བཏང་བ་དང་། ཆུ་བེད་ལས་གཞི་སླར་གསོ་བྱེད་ཐབས་བརྒྱ་ཆའི་བདུན་ཅུ་ལ་སླེབས་ཤིང་། དེའི་ཁྲོད་ཟི་ལིང་དང་མཚོ་ཤར་སོགས་ནམ་ཟླའི་ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་གྱི་ལས་གཞི་སླར་གསོ་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ཡན་དུ་སླེབས།

མིག་སྔར། རྒྱལ་ཁབ་ཀྱི་ལས་གཞི་ཆེན་པོ་སྟེ་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་ནུབ་མ་དང་ཙོང་ཆུའི་བྱང་རྐ་ལས་གཞི་སྐབས་གཉིས་པ་སོགས་བཟོ་སྐྲུན་ཆེན་པོ་བཞི་ཟླ་གསུམ་པའི་ཟླ་མགོ་ནས་ཡོངས་སུ་སླར་གསོ་བྱས་ཟིན་པ་དང་། བསྡོམས་པས་ལས་བཟོ་བ་སྟོང་བཞི་དང་ཉིས་བརྒྱ་ཞེ་བཞི་ལས་གཞི་སོ་སོའི་ལས་རྐང་སྟེང་ཞུགས་ཡོད། ཞིང་ཆེན་རིམ་པས་འཛགས་སྐྲུན་བྱེད་བཞིན་པའི་སྟག་མགོ་དང་དབྱང་ཅཱ་སོགས་ཆུ་མཛོད་འབྲིང་ཆུང་བཅུ་བདུན་ཚང་མ་དངོས་སུ་ལས་འགོ་བརྩམས་པ་དང་། བཙན་མོ་ཆུ་མཛོད་ཆུ་གཏོང་བཟོ་སྐྲུན་དང་ཨ་ཆེན་གངས་རྒྱབ་ཚྭ་མཚོ་འཕྲལ་བསྟུན་བཟོ་སྐྲུན་སོགས་ཀྱང་ཟླ་གསུམ་པའི་ཟླ་དཀྱིལ་དུ་བསྟུད་མར་ལས་ཐོན་སླར་གསོ་བྱས་ལ། ཆུ་བེད་བཟོ་སྐྲུན་ཆེན་པོ་དག་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པ་དང་ཁྱོན་ཡོངས་ནས་རྒྱུན་ལྡན་གྱི་འཛུགས་སྐྲུན་སྒྲིག་ལམ་སླར་གསོ་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་གཞི་གལ་ཆེན་དུས་ཆད་ལྟར་སླར་གསོ་བྱེད་པ་དང་མི་སྣ་ལས་རྐང་སྟེང་ཞུགས་པ། བཟོ་སྐྲུན་རྒྱུ་ཆ་མཁོ་འདོན། འཕྲལ་ཆས་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་བར་ཆད་ཆེན་པོ་བཟོས་ན་ཡང་། ཆུ་བེད་ལས་ཐོན་སླར་གསོ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཧ་ཅང་བཟང་བ་དང་། རྗེས་མཐུད་ཀྱི་ཤུགས་ཆེན་པོ་ལྡན། ཞིང་ཆེན་ཆུ་བེད་ཐིན་གྱིས་མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་བཏང་ལྷོད་མི་བྱེད་པའི་རྨང་གཞིའི་སྟེང་། ཆུ་བེད་འཛུགས་སྐྲུན་བྱེད་པ་དང་དངུལ་གཏོང་ཇེ་མགྱོགས་སུ་གཏོང་རྒྱུ་དེ་གོ་རིམ་རྗེས་མའི་བྱ་བ་གཙོ་བོ་རུ་བརྩིས་ཏེ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་ལག་བསྟར་བྱེད་ཚད་དང་གསར་དུ་འཛུགས་སྐྲུན་བྱེད་པའི་ལས་གཞིའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་གིས་དུས་ཚིགས་དང་པོའི་དངུལ་གཏོང་དང་ལས་འགན་ཁ་གསབ་བྱེད་པ་དང་། འགོར་འགྱངས་བྱས་པའི་དུས་ཚོད་ཁ་གསབ་བྱས་ཏེ། ཆུ་བེད་ཀྱིས་གཏན་འཇགས་ངང་དངུལ་གཏོང་བ་དང་འཕར་སྣོན་གཏོང་བར་ཁག་ཐེག་བྱེད་པ་དང་། ལོ་ཧྲིལ་བོའི་ཆུ་བེད་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་འདིངས་རྒྱུ་རེད།