ཟླ་ལྔ་བའི་མཐོ་སྒང་གི་ནམ་ཟླ་སྐབས་རེར་དྲོ་ལ་སྐབས་རེར་འཁྱག་པ་དང་། ང་ཚོ༼དབུལ་ཕོངས་རྒྱང་དུ་བསྐྱུར། འབྱོར་ཕྱུག་དཔལ་ལ་རོལ༽ཞེས་པའི་བཅར་འདྲི་ཚན་ཆུང་གི་རླངས་འཁོར་ཁ་བའི་འདབ་མ་ལྷབ་ལྷུབ་རྩེན་པའི་ཕྱི་དྲོ་ཞིག་ལ་ཏུའུ་ལན་རྫོང་ཐོག་ཏུ་ཐོན།
ཏུའུ་ལན་རྫོང་ནི་ཚྭ་འདམ་གཞོང་གི་ཤར་ལྷོའི་ཕྱོགས་སུ་ཡོད་པ་དང་། ཏུའུ་ལན་ཞེས་པ་སོག་སྐད་དང་། བོད་སྐད་དུ“དྲོད་ཁོལ”གྱི་དོན་ཡིན་ལ། མི་རིགས་མང་པོ་འདུས་སྡོད་བྱེད་སའི་རྫོང་ཞིག་རེད།
ཉིས་སྟོང་བཅུ་དྲུག་ལོར། ཏུའུ་ལན་རྫོང་ཡོངས་སུ་དབུལ་ཕོངས་སྡེ་བ་ཞེ་གསུམ་དང་། དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་དང་བཞི། མི་བརྒྱད་བརྒྱ་བཅུ་དགུ་ཡོད་ལ། ཉིས་སྟོང་བཅོ་བརྒྱད་ལོར། རྫོང་དང་། སྡེ་བ། ཁྱིམ་ཚང་དབུལ་ཕོངས་ལས་ཐར་བའི་དམིགས་འབེན་ལས་འགན་ལྟར་དུ། དབུལ་ཕོངས་མང་ཚོགས་དབུལ་ཐར་དང་། དབུལ་ཕོངས་སྡེ་བ་དབུལ་ཐར། དབུལ་ཕོངས་རྫོང་གི་ཞྭ་མོ་བཅས་ཕུད་ཐུབ་པ་བྱུང་།
ཆུ་ཁོལ་ཞང་གི་ཞང་གཙོ་གཞོན་པ་དབང་ཆེན་འཕྲིན་ལས།
ཉིས་སྟོང་བཅུ་དགུ་ལོར། ཏུའུ་ལན་རྫོང་གིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་བྱ་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་། མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གསུམ་འབུམ་དྲུག་བཏང་ནས་སྡོད་ཁང་དང་། ཆུ་གློག་ལམ་གསུམ་སོགས་འཛུགས་སྐྲུན་བྱས། ཆུ་ཁོལ་ཞང་ནི་འབྲོག་ལས་རྐྱང་རྐྱང་གཉེར་བའི་ཞང་ཞིག་ཡིན་པ་དང་། ས་དེ་ན་གནམ་རྒྱག་ཆུ་ཁོལ་ཞེས་པའི་ཆུ་ཁོལ་མིང་གྲགས་ཅན་ཞིག་ཡོད་པ་དེ་ལས་མིང་དེ་ལྟར་ཐོགས་པར་བཤད། ཞང་ཡོངས་སུ་དབུལ་ཕོངས་ཁྱིམ་ཚང་ང་གསུམ་ཡོད་ཅིང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་མང་ཚོགས་རང་སྟེང་ནས་འབད་བརྩོན་བྱས་པ་བརྒྱུད། ཉིས་སྟོང་བཅོ་བརྒྱད་ལོར་དབུལ་ཐར་བྱས་ཀྱང་། ཆུ་ཁོལ་ཞང་གི་འགན་ཁུར་མི་སྣས་ད་དུང་དབུལ་ཐར་མང་ཚོགས་རྩྭ་སྲུང་ནགས་སྲུང་བར་བཀོད་སྒྲིག་བྱས་ནས་ཟླ་རེར་འོས་འཚམ་གྱི་འཚོ་བའི་ཁ་གསབ་བྱིན་པ་དང་། དབུལ་ཐར་མང་ཚོགས་ལ་མུ་མཐུད་དུ་གསོ་སྦྱོང་བྱེད་པ། ཡང་བསྐྱར་དབུལ་བོར་འགྱུར་དུ་ཡོད་མེད་ལ་ལྟ་རྟོག་བྱས་ཏེ། དབུལ་ཐར་བྱ་བ་སྲ་བརྟན་དུ་བཏང་བས། ཆུ་ཁོལ་ཞང་གི་དབུལ་ཐར་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གསུམ་མན་ནས་ད་ལྟ་སྟོང་བརྒྱད་ཡན་ལ་སླེབས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་དབུལ་བོ་ལས་ཐར་ན་དཔལ་འབྱོར་གཅིག་པུའི་སྟེང་ནས་དབུལ་ཐར་བྱེད་རྒྱུ་མ་ཡིན་པར་བསམ་བློའི་སྟེང་ནས་དབུལ་ཐར་བྱེད་དགོས་ཞེས་གསུངས་པ་ལྟར། ཆུ་ཁོལ་ཞང་གིས་ས་གནས་རང་གི་མང་ཚོགས་ཀྱི་བསམ་བློ་གོང་འཕེལ་གཏོང་བའི་ཐད་ལ་བྱ་བ་མང་པོ་སྒྲུབ་པ་དང་། ཞང་གཙོ་གཞོན་པ་དབང་ཆེན་འཕྲིན་ལས་ཀྱིས་དེའི་ཐད་ནས་བཤད་རྒྱུར། མི་སུ་ཞིག་ཡིན་རུང་གཞན་ལ་རེ་རྐྱང་བྱས་ན་སྐབས་ཙམ་གྱི་དབུལ་ཐར་ལས་ཡུན་རིང་གི་དབུལ་ཐར་ཡོང་དཀའ་བ་དང་། ད་སྐབས་ཏང་ཀྲུང་དབྱང་གི་སྲིད་ཇུས་འདི་འདྲའི་བཟང་པོ་ཡོད་པས། མང་ཚོགས་ལ་བསམ་བློའི་སློབ་གསོ་གཙིགས་སུ་འཛིན་དགོས་པ་དང་། སློབ་གསོ་ཡར་རྒྱས་སོང་ན་ད་གཟོད་དབུལ་ཐར་གྱི་ཞྭ་མོ་ཕུད་ཐུབ་པའི་སློབ་གསོ་མང་པོ་བཏང་བས། ད་ལྟ་མང་ཚོགས་ཀྱི་བསམ་བློར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།
གསེར་ཐང་སྡེ་བའི་དབུལ་ཐར་སྡེ་མི་ཏཱ་རེ།
ཏཱ་རེ་ནི་ཆུ་ཁོལ་ཞང་གསེར་ཐང་སྡེ་བས་ཡིན་པ་དང་། ད་ལོ་ལོ་རེ་བཞི་ཡིན་ལ། དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། མོས་བཤད་རྒྱུར། སྔོན་ཆད་བཟའ་ཟླར་ནད་བྱུང་བའི་དབང་གིས་སྨན་ཁང་དུ་སྟོན་ཐེངས་མང་བ་དང་། རིམ་བཞིན་ཁྱིམ་ཚང་ཡང་དབུལ་བོར་གྱུར། ད་ལྟ་རྒྱལ་ཁབ་ཀྱིས་སྒོར་མོས་རོགས་སྐྱོར་བྱས་པ་དང་། ཁང་བ་བྱིན་ལ། རྩྭ་སའི་ཁ་གསབ་སོགས་མང་པོ་མང་པོ་ཞིག་གི་རོགས་སྐྱོར་ཐོབ་པས། ད་ལྟ་དབུལ་ཕོངས་ལས་ཐར་བར་བྱས་ཡོད་པ་དང་། རང་གིས་ཀྱང་ངེད་ཚང་གི་ཚབ་ཏུ་ད་ལྟ་འཚོ་བར་དཀའ་ངལ་ཆེ་བ་དང་རོགས་སྐྱོར་མཁོ་བའི་ཁྱིམ་ཚང་གཞན་ཞིག་འཇོག་དགོས་པའི་རེ་བ་ཡང་ཡང་ཞུས་པ་ཡིན། ང་མཚོན་ན་རྒྱལ་ཁབ་ལས་ཀྱང་དྲིན་ཆེན་ཞིག་མེད་ཅེས་བཤད།
གསེར་ཐང་སྡེ་བའི་སྡེ་མི་ཀུན་བྷ།
གསེར་ཐང་སྡེ་བའི་སྡེ་མི་ཀུན་བྷ་ཡིས་བཤད་རྒྱུར། ང་ཚོ་སྡེ་བ་ད་ལྟ་དབུལ་ཐར་བྱས་ཡོད་པ་དང་། སྔོན་ཆད་ངེད་ཚང་གི་མི་གཅིག་གི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་བཞི་ལྔ་ཡིན་པ་དང་། ད་ལྟ་ཁྲི་བཞི་ལྔ་ལྷག་ལ་སླེབས་ཡོད་ཟེར།
གསེར་ཐང་སྡེ་བའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་།
གསེར་ཐང་སྡེ་བའི་མི་རྣམས་ཀྱིས་ཕྱུགས་ལས་གཙོ་བོར་གཉེར་བཞིན་ཡོད་པས། སྔོན་ཆད་ཁངས་ཆག་གི་གནོད་འཚེ་བྱུང་ཚེ་ཕྱུགས་ཟོག་ལ་འཁྱག་ཤི་ཐེབས་ནས་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད། ད་ལྟ་ཕྱུགས་ཟོག་ལ་ཉེན་ཚབ་ཉོ་ཆོག་པའི་སྲིད་ཇུས་ཡོད་པ་དང་། འབྲོག་ཁྱིམ་ཚང་མས་ཕྱུགས་ཟོག་ལ་ཉེན་ཚབ་ཉོས་ཡོད་པས་གོད་ཆག་ཐེབས་པར་སྐྲག་མི་དགོས། ད་དུང་ཆུ་གློག་ལམ་གསུམ་སོགས་ཀྱང་འཐེན་ཡོད་པས། འཚོ་བར་སྔར་ལས་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད། ཆུ་ཁོལ་ཞང་གསེར་ཐང་སྡེ་བའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་སྡེ་བའི་འགྱུར་ལྡོག་ཐད་ནས་བཤད་རྒྱུར། ཐོག་དང་པོར་ང་ཚོ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གསུམ་མན་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོ་དང་། ཉིས་སྟོང་བཅུ་བདུན་ལོ། ཉིས་སྟོང་བཅོ་བརྒྱད་བཅས་ལོ་གསུམ་པོ་འདིའི་རིང་ལ་དབུལ་ཕོངས་ལས་ཐར་ཏེ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་ལ། ད་ལྟ་མི་རེའི་ཆ་སྙོམས་ཡོང་སྒོ་ཁྲི་གཅིག་ཙམ་ལ་སླེབས་ཡོད་ཟེར།
ཏུའུ་ལན་རྫོང་རྒུ་རུ་ཞང་གྲུ་བཞི་སྡེ་བའི་བསྟན་པ་ལ་མཚོན་ན་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་སྡོད་ཁང་གསར་བའི་ནང་སྤར་ཡོད་པ་མ་ཟད། ལོ་རེར་སྲིད་གཞུང་གི་འཚོ་བའི་ཁ་གསབ་ཀྱང་ཉམས་སུ་མྱོང་བཞིན་ཡོད། ཁོས་བཤད་རྒྱུར། ད་ལྟ་ལོ་རྒས་པའི་སྟེང་ལ་ན་ཚ་ཡང་མང་བས། སྡེ་བས་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་རྗེས། ནད་བྱུང་ན་སྨན་རིན་གྱི་ཁ་གསབ་ཡོད་པ་དང་། ཁ་ལ་ཟ་རྒྱུ་དང་། རྒྱབ་ལ་གོན་རྒྱུ། དངོས་པོ་ཉོ་སྤྱད་ཀྱི་སྒོར་མོ་ཡང་ཟླ་རེ་རེར་སྟེར་བཞིན་ཡོད་པས། རྒྱལ་ཁབ་ཀྱི་དྲིན་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཟེར།
རྒུ་རུ་སྡེ་བའི་དབུལ་ཐར་སྡེ་མི་བསྟན་པ་དང་ཁུ་བྷོ།
གྲུ་བཞི་སྡེ་བའི་དབུལ་ཐར་སྡེ་མི་ཁུ་བྷོ་ལ་མཚོན་ན་ད་ལོ་ལོ་བདུན་བཅུ་དོན་དྲུག་ཡིན་པ་དང་། སྔོན་ཆད་ཕྱུགས་ཟོག་འཚོས་ནས་འཚོ་བ་རོལ་བཞིན་ཡོད་ཅིང་། ཁངས་ཆག་གི་གནོད་འཚེ་ཐེབས་ཏེ་ཕྱུགས་ཟོག་ཚང་མ་ཤི་བས་འཚོ་རྟེན་མེད་པར་གྱུར་ལ། དེའི་ཁར་ཁོ་རང་ཉིད་དབང་བོ་སྐྱོན་ཅན་ཡིན་པས། དཀའ་ཁག་ཤིན་ཏུ་ཆེ་བ་རེད། ཁོས་བཤད་རྒྱུར། རྒྱལ་ཁབ་འཕེལ་རྒྱས་སོང་ཡང་མང་ཚོགས་མ་བརྗེད་པར་དབུལ་བོ་མང་ཚོགས་ཐུགས་ལ་བཅངས་པས། ད་ལྟ་འགྲོ་འདུག་སྤྱོད་གསུམ་གང་གི་ཐད་ལའང་དཀའ་ཁག་མེད་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་བ་འདི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པ་ངའི་སེམས་གཏིང་ན་གསལ་བོ་ཡིན་ཞེས་བཤད།
དབུལ་བོར་རོགས་སྐྱོར་དང་། དབུལ་བོ་ངོ་མར་རོགས་སྐྱོར། དབུལ་སྒྲོལ་ངོ་མ་བཅས་བྱེད་དགོས་ཞེས་པ་ནང་བཞིན། ཏུའུ་ལན་རྫོང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་ལག་ལེན་དངོས་འབེབ་བྱས་ཏེ། དབུལ་བོ་མང་ཚོགས་ལ་དོན་བཟང་གང་མང་སྒྲུབ་པས། དབུལ་བོ་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཐུ་འོག་ནས་དྲོད་ཁོལ་གྱིས་འཚོ་བ་རོལ་བཞིན་འདུག
གསར་འགོད་པ། དབྱངས་ཅན། ཚེ་རིང་སྒྲོལ་མ། རིག་འཛིན་ཐར།