ཟླ་བདུན་པའི་ཚེས་བཅུ་བདུན་དང་ཚེས་བཅོ་བརྒྱད་ཉིན་གཉིས་ལ། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་མཚོ་ཤར་གྲོང་ཁྱེར་གྱི་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དང་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་སྟེ་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པ་དང་དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་བྱས། ཁོས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་ལས་འགན་དང་དམ་པོར་སྦྲེལ་ཏེ། འཐོག་རྒྱུ་མེད་པ་བཞིའི་རེ་བ་གལ་ཆེན་དངོས་འབེབས་ནན་མོ་བྱེད་པ་དང་། བྱ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ལ། ཐོན་ལས་དབུལ་སྐྱོར་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གནད་འཁེལ་དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས།
ཝང་ལིས་མེན་སྔ་གཞུག་ཏུ་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཞུང་ཧྭ་རྫོང་བིས་མདོ་ཡུལ་ཚོ་ར་གཤོང་སྡེ་བ་དང་མེན་ཧི་རྫོང་ཞི་ཀུག་ཡུལ་ཚོ་སན་ཧྥང་སྡེ་བ། ཞིང་ཆེན་དངུལ་གཏོང་ཀུང་ཟིའི་ཁ་གཏད་རོགས་སྐྱོར་བྱ་ཡུལ་མེན་ཧི་རྫོང་པ་ཀྲིག་གྲོང་རྡལ་ཧུའུ་ཅ་སྡེ་བཅས་ལ་སོང་སྟེ་རྫོང་དང་ཡུལ་ཚོ་། སྡེ་བ་བཅས་ཀྱི་ལས་བྱེད་པ་དང་སྡེ་སྡོད་ཧྲུའུ་ཅི་དང་པོ། དབུལ་ཐར་སྣེ་ཁྲིད་མཁན་སོགས་དང་མཉམ་དུ་གླེང་མོལ་བྱས་ཤིང་། ཡུལ་དངོས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་ཁྱད་ཐོན་འདེབས་འཛུགས་གསོ་སྤེལ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཐོན་ལས་དབུལ་སྐྱོར་སྣེ་ཁྲིད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྤྱད་པའི་ཁེ་ལས་དང་སྡེ་བའི་ཐུན་མོང་། དབུལ་ཕོངས་ཁྱིམ་ཚང་བཅས་བར་གྱི་ཐོན་ལས་དབུལ་སྐྱོར་དཔེ་དབྱིབས་ལ་ཁས་ལེན་གང་ལེགས་བྱས།
ལོ་ཙཱ་བ། བཀྲ་ཤིས་འབུམ།