ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 101

ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པའི་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

མཱ་ཅི་ཞོ་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འབད་འཐབ་དམིགས་འབེན་གཏན་ཁེལ་གསལ་བོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་བཟང་བོ་བརྩམས་པ་དང་། དེར་དོན་སྙིང་གལ་ཆེན་ལྡན། རིམ་པ་སོ་སོའི་མང་ཚོགས་ཚོགས་པ་དང་རྒྱ་ཆེའི་མང་ཚོགས་ཚོགས་པའི་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་མང་ཚོགས་ཚོགས་པའི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་དམིགས་འབེན་ལས་འགན་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་མང་ཚོགས་ཚོགས་པའི་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ལག་བསྟར་བྱེད་དགོས་ཟེར།

མཱ་ཅི་ཞོ་ཡིས་ནན་གྱིས་བསྟན་དོན། མང་ཚོགས་ཚོགས་པ་སོ་སོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གོ་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་དམ་འཛིན་བྱེད་པ་དང་། རང་འགུལ་གྱིས་བསམ་བློའི་སྣེ་ཁྲིད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མང་ཚོགས་ལ་རྩ་འཛུགས་བྱེད་པ་དང་མང་ཚོགས་ལ་དྲིལ་སྒྲོག་བྱེད་པ། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་སྣེ་ཁྲིད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། དྲིལ་སྒྲོག་གི་ཁ་གཏད་རང་བཞིན་དང་བབ་བསྟུན་རང་བཞིན། ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྒྲིག་བཟོ་བྱ་བའི་ཁྲོད་ཞུགས་པ། མང་ཚོགས་ཚོགས་པའི་མཉམ་ལས་ཅན་འདྲེན་བྱེད་དུ་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། རྗེས་ཕྱོགས་ཀྱི་ལོ་ལྔའི་གཙོ་གནད་བྱ་བར་འཆར་འགོད་བྱེད་དགོས། དམིགས་འབེན་ལ་དམ་དུ་དམིགས་པ་དང་། ཉེ་དུས་ཀྱི་བྱ་བ་སྣ་ཚོགས་སྤྱི་སྡོམ་དང་ལག་བསྟར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོའི་གཙོ་གནད་བྱ་བར་འཆར་འགོད་བྱས་ནས། ད་ལོའི་བྱ་བར་མཇུག་བཟང་བོ་བསྡུ་བ་དང་སང་ལོའི་བྱ་བར་འགོ་བཟང་བོ་རྩོམ་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།