ཡུས་ཚུང་ལི་ཡིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་སློབ་ཁྲིད་བྱ་བར་རྟོག་ཞིབ་བྱེད་སྐབས་གཏམ་བཤད།
2020.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་ལས་གཞན། གསར་འགྱུར་སློབ་གླིང་དང་སློབ་གྲྭའི་དཔེ་མཛོད་ཁང་ལ་རྟོག་ཞིབ་བྱས་པར་མ་ཟད། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་འཐུས་མིར་བསམ་བློ་ཆབ་སྲིད་ཀྱི་སྐོར་ནས་སློབ་ཁྲིད་བྱས།

ཡུས་ཚུང་ལི་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་ཡུན་གང་འཚམ་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས།  དེང་རབས་ཀྱི་ན་གཞོན་རྣམས་ཀྱིས་ཚང་འཛོམས་གྲོས་ཚོགས་འདིའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། མི་རིགས་བསྐྱར་དར་གྱི་དུས་རིམ་གསར་པ་དང་མ་འོངས་འཕེལ་རྒྱས་ཀྱི་དམིགས་འབེན་གསར་པ། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་གཞི་གསར་པ། འཕེལ་རྒྱས་ཀྱི་ཐབས་ཇུས་གསར་པ་བསྐྲུན་རྒྱུ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། མིག་སྔའི་གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་ལས་རྐང་དངོས་ནས་གཞི་ཚུགས་པར་བྱེད་པ། རིན་ཐང་གི་དགོངས་སྙིང་ཁ་གསལ་བཟོ་བ། རིན་ཐང་ཚད་ལྡན་ལ་བརྩི་སྲུང་བཅས་བྱེད་དགོས་ལ། རིན་ཐང་དར་སྲོལ་གྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་བའི་ཁྲོད་ནས། སྤྱི་ཚོགས་རིང་ལུགས་ཀྱི་བློ་གཏོད་ཆོག་པའི་རྒྱུན་འཛིན་པ་ཡག་པོ་བྱེད་དགོས་ཟེར།

ཡུས་ཚུང་ལི་ཡིས་ནན་གྱིས་བསྟན་དོན། རྒྱ་ཆེ་བའི་གཞོན་ནུ་རྣམས་ནི་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ཆ་ནས། མི་རིགས་བསྐྱར་དར་ཡོང་བའི་རེ་བ་བཅོལ་ས་ཡིན་པས། མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་གཏིང་ཟབ་ཏུ་འདྲེས་པར་བྱེད་དགོས་ལ། དམངས་གཙོའི་འཚོ་བ་སྐྱེལ་སྟངས་ལ་དོན་གཉེར་དང་བསམ་པའི་རིག་གནས་ཀྱི་བློ་སྦྱོང་ཇེ་མཐོར་བཏང་སྟེ། ཉེ་རིང་མེད་པ་དང་ཁོང་ཡངས་གཏིང་ཚུགས་ཡོང་བར་འབད་དགོས། གཞོན་ནུ་རྣམས་ནི་སྤྱི་ཚོགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས། སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རང་རྟོགས་ཡོད་པའི་སྒོ་ནས་སྒྲིག་སྲོལ་གྱི་ཚོད་འཛིན་དང་ལེན་བྱས་ཏེ་འདྲ་མཉམ་གྱི་འོས་འགན་ཧུར་ཐག་གིས་བསྒྲུབ་དགོས། དོན་དངོས་དང་མཐུན་ཞིང་རྩོད་སྒྲུབ་ཀྱི་སྒོ་ནས་དྲང་གཞག་ལ་ལྟ་སྟངས་འཛིན་པ་དང་། རང་འགུལ་གྱིས་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་དགོས། གཞོན་ནུ་རྣམས་ནི་དེང་རབས་ཀྱི་སློབ་མ་ཞིག་ཡིན་པའི་ཆ་ནས། ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་ཆེས་གསོན་སྟོབས་དང་ལྡན་པ་དེ་ཡིན། རྒྱལ་ཁབ་དང་ལོ་རྒྱུས། རྒྱལ་གཅེས་བཅས་ཀྱི་གལ་ཆེན་རང་བཞིན་ཁོང་དུ་ཆུད་པར་བྱས་ནས། དཀའ་སྤྱད་འབད་བརྩོན་གྱིས་ལས་ལ་བརྩོན་རྒྱུ་དང་ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་བཟུང་ནས། ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་མཉམ་གནས་ཐུབ་པའི་མི་ལེགས་པོ་ཞིག་འཁྱོངས་པར་འབད་དགོས་ཟེར།

ཡུས་ཚུང་ལི་ཡིས་བླང་བྱ་བཏོན་ནས་བཤད་རྒྱུར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པར་བྱེད་རྒྱུ་དང་། འགན་འཁུར་ཕོད་པའི་ཁྲོད་ནས་རང་ཉིད་སྦྱོང་བརྡར་གང་ལེགས་བྱེད་པ། འགན་འཁྲི་སྒྲུབ་པའི་ཁྲོད་ནས་དུས་རབས་ཀྱི་ཉམས་སད་ཐེག་ཐུབ་པར་བྱེད་པ་བཅས་ལ་འབད་དེ། ལག་ལེན་དངོས་དང་འབད་འཐབ་དངོས་ཀྱི་ཁྲོད་ནས་ལང་ཚོའི་བཀྲག་མདངས་ལམ་ལམ་འཚེར་བར་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།