ནད་དུག་འགོག་སྲུང་དང་འབྲེལ་བའི་སྲིད་ཇུས12ལས། ཁྱོད་ཀྱིས་ག་ཚོད་བརྩི་ཐུབ་བམ།
2020.02.04 ཁུངས། ཀློག་གྲངས། 20

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་མི་དམངས་ཉིན་རེའི་ཚགས་པར་ལས་བསྒྱུར།

ལོ་སར་གྱི་གུང་གསེང་ཇེ་རིང་ལ་བཏང་རྗེས་གླ་ཆ་ཇི་ལྟར་བརྩིའམ།

ལོ་སར་གུང་གསེང་གི་ཁར་བསྣན་པའི་ཉིན་དེ་དག་ཏུ།  ངལ་རྩོལ་པས་གནང་བ་ཁ་གསབ་བྱེད་ཐབས་མེད་པས། ངལ་རྩོལ་པའི་ཉིན་རེའི་གླ་ཆའམ་ཆུ་ཚོད་རེའི་གླ་ཆའི་བརྒྱ་ཆའི200ལྟར་རྩིས་རྒྱག་དགོས།

ལས་ཞུགས་རྗེས་སྣུར་སྐབས་སུ་གླ་ཆ་ཇི་ལྟར་བརྩིའམ།

ཞིང་ཆེན་མང་ཤོས་ཤིག་གིས་ཁེ་ལས་སྡེ་ཁག་གི་ལས་ཞུགས་ཕྱི་སྣུར་བྱས་ཤིང་། ཧྲང་ཧེ་གྲོང་ཁྱེར་གྱིས།  ལས་ཞུགས་ཕྱི་སྣུར་གྱི་ཉིན་དེ་དག་ནི་ངལ་གསོའི་ཉིན་མོར་གཏོགས་པས།  གླ་ཆ་རྒྱུན་ལྡན་ལྟར་བརྩི་དགོས་ལ།  ལས་སྣོན་བྱས་པའི་ལས་བཟོ་བར་གླ་ཆ་ལྡབ་གཉིས་སྤྲོད་དགོས་པར་བསྟན།

ལོགས་བཀར་སྨན་བཅོས་ཀྱི་དུས་སྐབས་ནང་གླ་ཆ་ཇི་ལྟར་བརྩིའམ།

མི་དོན་པུའུ་ཡིས་གསལ་བོར་བསྟན་དོན།  ཁེ་ལས་སྡེ་ཁག་གིས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་ལས་བཟོ་བར་གླ་ཆ་རྒྱུན་ལྡན་ལྟར་བརྩི་དགོས་ལ།  རང་དགར་ངལ་རྩོལ་གན་རྒྱ་རྩིས་མེད་བྱ་མི་ཆོག

ལས་མཚམས་དང་ཐོན་སྐྱེད་མཚམས་བཞག་པའི་སྐབས་སུ་གླ་ཆ་ཇི་ལྟར་བརྩིའམ།

ལས་མཚམས་དང་ཐོན་སྐྱེད་མཚམས་བཞག་པའི་དུས་ཚོད་གཟའ་འཁོར་གཅིག་ལས་ཉུང་ན།  གླ་ཆ་རྒྱུན་ལྡན་ལྟར་བརྩི་དགོས་ལ།  གཟའ་འཁོར་གཅིག་ལས་བརྒལ་རྗེས་ལས་བཟོ་བས་རྒྱུན་ལྡན་ལྟར་ངལ་རྩོལ་བྱེད་ཐུབ་ཚེ་ལས་བཟོ་བའི་གླ་ཆ་ས་གནས་ཀྱི་ཆེས་དམའ་བའི་ཚད་གཞི་ལས་དམའ་མི་རུང་།  གལ་ཏེ་ལས་བཟོ་བས་རྒྱུན་ལྡན་ལྟར་ངལ་རྩོལ་བྱེད་མ་ཐུབ་ཚེ།  ས་གནས་ཀྱི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་སྤྲོད་དགོས།

གནས་སྐབས་སུ་ཡོང་སྒོ་མེད་པ་ཡིན་ན་ཁང་བའི་བསྐྱིས་དངུལ་དང་ཡིད་རྟོན་བྱང་བུའི་སྟེང་གི་བསྐྱིས་དངུལ་སོགས་ཇི་ལྟར་སྤྲོད་དམ།

ལོགས་བཀར་དང་སྨན་བཅོས་བྱེད་བཞིན་པའི་མི་སྣ་དང་།  རིམས་ནད་འགོག་སྲུང་བྱ་བར་ཞུགས་པའི་མི་སྣ།  རིམས་ནད་ཀྱི་དབང་གིས་གནས་སྐབས་སུ་ཡོང་སྒོ་མེད་པའི་མི་ཡིས་དུས་ལྟར་བསྐྱིས་དངུལ་ཕྱིར་སྤྲོད་མ་ཐུབ་ཚེ། དངུལ་རྩའི་སྡེ་ཁག་གིས་ཁང་བའི་བསྐྱིས་དངུལ་དང་ཡིད་རྟོན་བྱང་བུའི་བསྐྱིས་དངུལ་གྱི་སྤྲོད་ཚད་ཇེ་ཉུང་དང་ཕྱི་སྣུར་བྱེད་དགོས།

རིམས་ནད་ཀྱི་དབང་གིས་དུས་ལྟར་བསྐྱིས་དངུལ་ཕྱིར་སྤྲོད་མ་ཐུབ་ཚེ་མི་སྒེར་གྱི་ཡིད་རྟོན་ལ་གནོད་པ་ཡོད་དམ།

རིམས་ནད་ཀྱི་དབང་གིས་དུས་ལྟར་བསྐྱིས་དངུལ་ཕྱིར་སྤྲོད་མ་ཐུབ་ཚེ།  འབྲེལ་ཡོད་སྡེ་ཁག་གིས་ངོས་ལེན་བྱས་རྗེས་ལེགས་སྒྲིག་གནང་ན།  ཡིད་རྟོན་ལ་གནོད་པ་ཐེབས་མི་སྲིད།

ཆུ་རིན་དང་གློག་རིན་དུས་ལྟར་མ་སྤྲད་ན་ཆོག་གམ།

རྒྱལ་ཁབ་གློག་དྲས་བསྟན་དོན།  ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱིས་གློག་སྤྱོད་པར་ཁག་ཐེག་བྱས་ནས།  རིམས་ནད་འགོག་སྲུང་གི་སྐབས་སུ་གློག་རིན་ཚར་ཡང་གློག་མི་གཅོད་རྒྱུ་གཏན་འཁེལ་བྱས་ཡོད།

ཁང་གླ་ཉུང་སྤྲོད་བྱ་ཆོག་གམ།

ས་གནས་མང་པོས་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་བའི་ཟླ་དེར་ཁང་གླ་མི་ལེན་པ་དང་ཉུང་ལེན་བྱ་རྒྱུར་འབོད་སྐུལ་བྱེད་བཞིན་ཡོད།

རྒན་གསོའི་ཁ་གསབ་དུས་ལྟར་ཆ་ཚང་སྟེར་ཐུབ་བམ།

མི་དོན་པུའུ་ཡིས་གསལ་བོར་བསྟན་དོན།  ཟླ་ལྟར་རྒན་གསོའི་ཁ་གསབ་བྱིན་ནས་འགན་སྲུང་ལ་ཞུགས་པའི་མི་ཡི་ཁེ་དབང་ཁག་ཐེག་བྱ་རྒྱུ་ཡིན་ལ། ཁ་གསབ་བླངས་རྗེས་དུས་ལྟར་འོས་བབས་ངོས་ལེན་གནང་མེད་ཚེ།  གནས་སྐབས་སུ་ཁ་གསབ་སྤྲོད་རྒྱུ་མིན།  དུས་ལྟར་གསར་བྱུང་ལས་ཁྱེར་ངལ་གསོའི་མི་སྣ་ཡར་སྤྲོད་བྱས་མེད་ཚེ།  ཞིབ་བཤེར་བྱས་པ་བརྒྱུད་ཞིབ་བཤེར་བྱས་པའི་ཟླ་རྗེས་མ་ནས་རྒན་གསོའི་མ་དངུལ་ཁ་གསབ་བྱ་རྒྱུ་ཡིན།

སྤྱི་ཚོགས་འགན་སྲུང་རིན་པ་དུས་ལྟར་མ་སྤྲད་ན་ཆོག་གམ།

རིམས་ནད་ཀྱི་དབང་གིས་ལས་བཟོ་བ་དུས་ལྟར་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་མ་ཐུབ་པའམ་རིན་པ་སྤྲོད་མ་ཐུབ་ཚེ། འབྲེལ་ཡོད་སྡེ་ཁག་གིས་དུས་ལྟར་བདག་སྤྲོད་བྱ་དགོས།   ལས་ཞུགས་མི་སྣ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོ་དམངས་ཀྱིས2020ལོའི་སྤྱི་ཚོགས་འགན་སྲུང་རིན་པ་སྤྲོད་ཐུབ་མེད་ཚེ། རིམས་ནད་མཇུག་སྒྲིལ་རྗེས་ཀྱི་ཟླ་གསུམ་ནང་འགྲོ་ལུགས་སྒྲུབ་ཆོག   

སྨན་བཅོས་མི་སྣར་དམིགས་གསལ་སྲིད་ཇུས་ཅི་ཞིག་ཡོད་དམ།

ཀྲུང་དབྱང་ནོར་སྲིད་ཀྱིས་ནད་གཞི་དང་། ནད་བརྟག གསོ་བཅོས། ནད་གཡོག་བཅས་ཀྱི་བྱ་བར་ཐད་ཀར་ཟབ་ཞུགས་བྱས་པའི་མི་སྣར་ཉིན་རེར་ཁ་གསབ་སྒོར300རེ་དང་།  རིམས་ནད་འགོག་སྲུང་ལ་ཞུགས་པའི་མི་གཞན་དག་ལ་ཉིན་རེར་ཁ་གསབ་སྒོར200རེ་སྤྲོད་རྒྱུ་རེད།

དང་བླངས་བ་བྱས་ནས་བུའུ་ཧྭན་དུ་བསྐྱོད་པའི་སྨན་བཅོས་མི་སྣར་དམིགས་གསལ་སྲིད་ཇུས་ཅི་ཞིགཡོད་དམ།

བཟོ་ལས་ཆ་འཕྲིན་པུའུ་ཡིས་བསྟན་དོན།  འབྲེལ་ཡོད་གློག་འཕྲིན་ཁེ་ལས་རྩ་འཛུགས་སྒོས་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་སྐད་རིན་ཚར་ཡང་ཁ་པར་འཕྲོད་པ་དང་།  བཞུར་ཚད་ཁ་སྣོན་བྱེད་པ་སོགས་དམངས་ཕན་ཞབས་ཞུ་སྒྲུབ་བཞིན་ཡོད་ལ།  མིང་ཐོ་དཀར་པོ་གསར་བཟོ་བྱས་ནས་དང་བླངས་སྒོས་བུའུ་ཧན་དུ་བསྐྱོད་པའི་སྨན་བཅོས་མི་སྣར་སྐད་རིན་ཇེ་སླ་རུ་གཏོང་རྒྱུ་ཡིན།