རིམས་ནད་ལ་འཐབ་དུས་གསར་འགོད་པས་རང་སྲུང་བྱ་དགོས་པ་བཅུ།
2020.02.05 ཁུངས། ཀློག་གྲངས། 19

གཅིག  ཁ་ཐུམ་རྒྱག་པ་དང་དུས་ལྟར་བརྗེ་དགོས།

རིམས་ནད་འགོག་སྲུང་དང་འབྲེལ་བའི་བཅར་འདྲིའི་སྐབས་སུ་ཁ་ཐུམ་རྒྱག་དགོས་ལ། གཅིག་སྤྱོད་ཁ་ཐུམ་ཡིན་ཚེ་རྒྱུན་ལྡན་གནས་ཚུལ་འོག་ཆུ་ཚོད་བཞི་ཡི་རྗེས་ནས་གསར་དུ་བརྗེ་དགོས་ཤིང་།  འབག་བཙོག་བཟོས་པ་དང་རློན་པར་བྱས་ཚེ་དེ་མ་ཉིད་བརྗེ་དགོས།  ཁ་ཐུམ་རྒྱག་པའི་སྔ་རྗེས་སུ་ལག་པར་གཙང་སྦྲ་བྱེད་དགོས་ལ།  དོར་ཟིན་པའི་ཁ་ཐུམ་ཆེད་སྤྱོད་སྙིགས་སྒམ་ནང་འཕེན་དགོས།  གལ་ཏེ་མཐུན་རྐྱེན་ལྡན་ཚེ་ལག་ཤུབས་གྱོན་ན་དེ་ལས་ཀྱང་བདེ་འཇགས་ཡིན།

གཉིས།  སྒྲིག་ཆས་ལ་དུག་སེལ་ལེགས་པོ་བྱེད་དགོས།

གསར་འགོད་པས་ལག་འཁྱེར་རྩིས་འཁོར་དང་།  སྒྲ་སྨྱུག  པར་ཆས།  བརྙན་ལེན་འཕྲུལ་ཆས། ཁ་པར་སོགས་གསར་འགོད་ཡོ་ཆས་ལ་དུས་ལྟར་དུག་སེལ་བྱེད་དགོས་ལ།  ནང་སྒོས་སུ་སྐད་སྦུག་དང་རླུང་འགོག་སྤུ་སོབ་སོགས་གཙོར་བཟུང་ནས་དུག་སེལ་བྱེད་དགོས།  བཅར་འདྲིའི་སྔ་རྗེས་སུ།  སྒྲིག་ཆས་སྣ་ཚོགས་ལ་དུག་སེལ་ལེགས་པོ་བྱས་ནས་རང་གཞན་ཀུན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས།

གསུམ།  བཅར་འདྲིར་བསྐྱོད་དུས་བདེ་འཇགས་ལ་གཟབ་དགོས།

སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། མེ་འཁོར་སོགས་ལ་འདུག་དུས་ངེས་པར་ཁ་ཐུམ་རྒྱག་དགོས་པ་དང་།  ནུས་ཚོད་ཀྱིས་འགྲུལ་བ་གཞན་དང་བར་ཐག་བཀྱེད་དགོས་པར་མ་ཟད་དངོས་པོ་གཞན་ལ་རེག་མི་རུང་།  ཐད་གཏོང་རླངས་འཁོར་སོགས་སྨྱན་བྱད་ཆེད་སྤྱོད་རླངས་འཁོར་ལ་བསྡད་ནས་ཕྱི་རུ་འགྲོ་དུས་རླངས་འཁོར་ནང་རོལ་ལ་དུག་སེལ་ལེགས་པོ་བྱེད་དགོས།

བཞི།  བཅར་འདྲིའི་སྐབས་སུ་བར་ཐག་ངེས་ཅན་འཇོག་དགོས།

བཅར་འདྲིའི་སྐབས་དང་།  ལྷག་པར་ཁང་བའི་ནང་ནས་བཅར་འདྲི་བྱེད་སྐབས་རང་འགུལ་གྱིས་ལུས་དྲོད་ལ་བརྟག་སྟེ་རྒྱུན་ལྡན་ཡིན་ན་ད་བཟོད་བཅར་འདྲི་བྱ་ཆོག  བཅར་འདྲིའི་སྐབས་སུ་ཁ་ཐུམ་རྒྱག་པ་དང་མི་དང་མིའི་བར་ལ་མ་མཐར་ཡང་སྨི་གཅིག་ལས་རིང་བའི་བར་ཐག་འཇོག་དགོས།  གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སོགས་ཀྱི་སྐབས་སུ་མཐུན་རྐྱེན་ལྡན་ཚེ་ལག་པར་དུག་སེལ་བྱ་རྒྱུ་དང་། ཤོག་བུ་སོགས་རྒྱུ་ཆ་སྣ་ཚོགས་ལ་རེག་ཚེ་ལག་པ་གཙང་བཀྲུ་བྱ་དགོས།

ལྔ།  དམིགས་གསལ་གྱི་གནས་སུ་དམིགས་བསལ་གྱིས་འགོག་སྲུང་བྱེད་དགོས།

སྨན་ཁང་སོགས་དམིགས་བསལ་གྱི་གནས་སུ་བཅར་འདྲི་བྱེད་སྐབས་སུ་སྨན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་གཏན་འཁེལ་ལྟར་འགོག་སྲུང་བྱ་ཐབས་སྣ་ཚོགས་ལག་ལེན་བྱེད་དགོས།  གློ་ཚད་ངེས་གཏན་སྨན་ཁང་དུ་བཅར་འདྲི་བྱེད་སྐབས་འགོག་སྲུང་ལྭ་བ་གྱོན་དགོས་ལ།  སྤྱིར་བཏང་གི་སྨན་ཁང་ནས་བཅར་འདྲི་བྱེད་དུས་ཁ་ཐུམ་རྒྱག་དགོས་པ་དང་།  སྨན་ཁང་གི་བཀོད་སྒྲིག་ལྟར་བཅར་འདྲི་བྱེད་དགོས།

དྲུག  ཟ་མ་ཟ་དུས་ཁ་བརྡ་བྱེད་མི་རུང་།

ཟ་ཁང་ནང་འགྲོ་དུས་ལག་པ་གཙང་མར་བཀྲུ་དགོས་ཤིང་།  ཟ་མ་ཁ་ནང་དུ་འཇོག་པའི་སྐབས་སུ་ད་བཟོད་ཁ་ཐུམ་ལེན་དགོས།  དེ་མིན་ད་དུང་མི་མང་ལྷན་དུ་འཚང་མི་རུང་ལ་ཁ་བརྡ་བྱེད་མི་རུང་།

བདུན།  བཅར་འདྲི་མཇུག་རྫོགས་རྗེས་ཕྱོགས་ཡོངས་ལ་དུག་སེལ་བྱེད་དགོས།

བཅར་འདྲི་མཇུག་རྫོགས་ནས་ཕྱིར་ལོག་པ་ན། ཁ་ཐུམ་བླངས་རྗེས་ཐོག་མར་ལག་པར་གཙང་སྦྲ་དང་དུག་སེལ་བྱེད་དགོས་ལ།  དེ་རྗེས་ཁ་པར་དང་ལྡེ་མིག་སོགས་དུག་སེལ་ལག་ཕྱིས་ཀྱིས་འབྱིད་པའམ་75%ཆང་བཅུད་ཀྱིས་འབྱིད་དགོས།  དེ་མིན་ད་དུང་ལག་ཤུབས་དང་ཁ་པར་ཤུབས་སོགས་ཉི་མར་ལྡེ་དགོས།

བརྒྱད།  ཉིན་རྒྱུན་གྱི་ཟ་མའི་འཚོ་བཅུད་ཁག་ཐེག་བྱེད་དགོས། 

ཆུ་འཁོལ་མང་དུ་འཐུང་དགོས་ལ།  ཉིན་རེའི་འཐུང་ཚད1500mlལས་ཉུང་མི་རུང་།  འཚོ་བཅུད་འདུས་པའི་ཟས་རིགས་མང་དུ་ཟ་བ་དང་།  སྔོ་ཚལ་དང་སིལ་ཏོག་མང་དུ་ཟ་དགོས་ལ།  ཤ་རློན་དང་བྱ་སྒོང་རློན་པ་སོགས་བཙོས་མེད་པའི་རིགས་ཟ་མི་རུང་།

དགུ། འགུལ་སྐྱོད་བྱས་ནས་བདེ་ཐང་རྒྱུན་འཁྱོངས་བྱེད་དགོས།

འོས་མཚམས་སྒོས་འགུལ་སྐྱོད་བྱས་ནས་ལུས་པོ་བདེ་ཐང་ཡོང་བར་བྱེད་དགོས་ལ།  ཚད་བརྒལ་གྱིས་འགུལ་སྐྱོད་བྱེད་མི་རུང་།

བཅུ།  སེམས་ཁམས་སྙོམས་སྒྲིག་ལ་དོ་སྣང་བྱེད་དགོས།

སེམས་ཁམས་བདེ་བར་གནས་རྒྱུ་ལས། འཚུབ་ཆ་ལངས་བ་སོགས་བྱེད་མི་རུང་ལ།  གལ་ཏེ་སེམས་ཁམས་ལ་གནད་དོན་བྱུང་ཚེ་ཐབས་ཤེས་སྤྱད་ནས་སྙོམས་སྒྲིག་གང་ལེགས་བྱེད་དགོས་ལ།  སེམས་ཁམས་ལ་གནད་དོན་ཚབས་ཆེན་བྱུང་ཚེ།  སྨན་པ་བསྟེན་པ་སོགས་བྱས་ནས་སེམས་ཁམས་སྙོམས་སྒྲིག་བྱེད་དགོས།

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་ཀྲུང་གོའི་གསར་འགོད་པའི་དྲ་བ་ལས་བསྒྱུར།