ཧུའུ་ཀྲོའུ་རྫོང་གི་སྐྱེས་པ་ཞིག་གིས་དྲ་ཐོག་ནསN95 ཁ་ཐུམ་ཉོས་ནས་མགོ་སྐོར་ཐེབས།
2020.02.06 ཁུངས། ཀློག་གྲངས། 48

 བརྟག་དཔྱད་བྱས་པ་བརྒྱུད། ཟླ་1ཚེས་31ཉིན་ཀྲང་ཆེ་གེ་མོས་སྐད་འཕྲིན་རྒྱབ་ལྗོངས་ནས་ཧྲན་ཏུང་གི་གྲོགས་པོ་ཞིག་གིས་ཁ་ཐུམ་N95བཙོང་བཞིན་པའི་གནས་ཚུལ་མཐོང་བ་དང་། རྗེས་སུ་གྲོགས་པོ་ཞིག་གི་འབྲེལ་བ་བརྒྱུད་ནས་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་གྱི་མི་གཅིག་གི་སྐད་འཕྲིན་ནང་འཇུག་བྱས་པ་དང་། ཁོང་གཉིས་ཀྱིས་ཁ་ཐུམ་གཅིག་ལ་སྒོར་10བྱས་ཏེ་དྲ་ཐོག་ནས་ཁ་ཐུམ་20ཉོ་རྒྱུའི་གྲོས་མོལ་བྱས་པ་རེད། སྔོན་ལ་དངུལ་སྤྲོད་དགོས་པའི་རེ་བ་བཏོན་པ་དང་། དངུལ་འབྱོར་རྗེས་ཀྱི་ཉིན་གཉིས་པའི་ཞོགས་པར་ཚོང་ཟོག་གཏོང་རྒྱུ་དང་། ཉིན་གཉིས་གསུམ་གྱི་རྗེས་སུ་དངོས་ཟོག་འབྱོར་ཐུབ་པའི་ཁས་ལེན་བྱས། ཀྲང་ཆེ་གེ་མོས་སྐད་འཕྲིན་བརྒྱུད་དེ་ཅིག་ཤོས་ལ་དངུལ་སྒོར་200བསྐུར་བ་རེད། ཕྱི་ཉིན་ཞོགས་པར། ཀྲང་ཆེ་གེ་མོས་ཚོང་ཟོག་གི་གནས་ཚུལ་དྲིས་པ་ན།  ཕ་རོལ་པོས་ཚོང་ཟོག་བསྐུར་བཞིན་ཡོད་ཅེས་བཤད་པར་མ་ཟད། ཁ་ཐུམ་གྱི་འདྲ་པར་ཡང་བསྐུར་བ་རེད། ཟླ་2ཚེས་1ཉིན་ཀྲང་ཆེ་གེ་མོས་སླར་ཡང་ཁ་ཐུམ་ཞིག་ཉོ་རྒྱུའི་ཐག་བཅད། དེ་ནས་ཕ་རོལ་པོ་དང་འབྲེལ་བ་བྱས་རྗེས་སླར་ཡང་སྒོར་2000བསྐུར་བ་རེད། ཕ་རོལ་པོས་ཡང་་སྐད་འཕྲིན་བརྒྱུད་དེ་མྱུར་སྐྱེལ་ཨང་རྟགས་བསྐུར་བ་རེད།

   ཟླ་2པའི་ཚེས་2ཉིན་གྱི་ཞོགས་པར། ཀྲང་ཆེ་གེ་མོས་ཚོང་ཟོག་བསྐུར་བའི་གནས་ཚུལ་དྲིས་བ་ན། ཕ་རོལ་པོས་ལམ་བཀག་པ་སོགས་ཀྱི་རྒྱུ་མཚན་ལ་ཁ་གཡར་ཏེ་འགོར་འགྱངས་བྱས། ཉིན་དེའི་ཕྱི་དྲོར། ཀྲང་ཆེ་གེ་མོའི་སྐད་འཕྲིན་ཕ་རོལ་པོས་བསུབས་ཚར་ཡོད་པ་དང་། འདྲི་རྩད་བྱས་པ་བརྒྱུད། ཕ་རོལ་པོས་རང་ཉིད་ལ་བསྐུར་བའི་མྱུར་སྐྱེལ་ཨང་གྲངས་དེ་སྔ་མོ་ནས་དུས་ཚོད་འགོར་ཟིན་པ་ཤེས།

མིག་སྔར་གྱོད་གཞི་འདི་རྩད་ཞིབ་བྱེད་བཞིན་པའི་སྒང་རེད།

གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་ཁྲང་ཡུན་དྲ་བ་ལས་བསྒྱུར།