གསར་འགོད་པ་ཐུབ་བསྟན་གྱིས་མི་དམངས་ཉིན་རེའི་ཚགས་པར་ལས་བསྒྱུར།
གློག་སྐས་ལ་བསྡད་ན་ནད་འགོས་པའི་ཉེན་ཁ་ཡོད་དམ།
ཉེན་ཁ་ཡོད། འོན་ཀྱང་འགོག་སྲུང་བྱས་ཆོག
ཏོག་དབྱིབས་ནད་དུག་ནི་གཙོ་བོ་མཆིལ་ཟེགས་ཀྱིས་བརྒྱུད་འགོས་བྱེད་པ་དང་འབྲེལ་འདྲིས་ཀྱིས་བརྒྱུད་འགོས་བྱེད་པ་ཡིན།
གློག་སྐས་ནི་ལྟོས་བཅས་ཀྱིས་ཅུང་དོགས་པའི་ཁོར་ཡུག་ཆུང་ཆུང་ཞིག་ཡིན་པས། གལ་སྲིད་ནད་འགོས་ཡོད་པའི་མི་དང་མཉམ་དུ་གློག་སྐས་སུ་བསྡད་ན། དེའི་ཁ་ལུད་དང་ཧབ་སྦྲིད། གླེང་མོལ་སོགས་ཀྱི་རྐྱེན་གྱིས་རང་ཉིད་ལ་ནད་འགོས་སྲིད།
གལ་སྲིད་མཆིལ་ཟེགས་མཐེབ་གནོན་སྟེང་དང་གྱང་ངོས་སུ་ལྷུང་ན། མི་གཞན་རྣམས་ཀྱིས་དེར་རེག་པ་སོགས་ལ་རྐྱེན་བྱས་ནས་འགོས་སྲིད་ལ། དེ་ཡང་ལག་པས་ཁ་དང་སྣ། མིག་ལ་རེག་ནས་འགོས་པ་ཡིན།
དེ་བས། གློག་སྐས་སུ་བསྡད་ན། ཁ་ཐུམ་རྒྱག་པ་དང་ལག་པས་གང་འདོད་དུ་གཞན་ལ་མི་རེག་པ། དེ་མིན་ཁྱིམ་ལ་ཐོན་རྗེས་ལག་པ་གཙང་བཀྲུ་བཅས་བྱ་དགོས།
དེས་ན་རྡོ་སྐས་ཀྱི་རབ་གསལ་དང་སྡོད་གནས་ར་སྐོར་གྱི་སྒྲིག་ཆས་མཐའ་དག་ལ་ནད་འགོས་པའི་ཉེན་ཁ་ཡོད་དམ།
གནས་ལུགས་ནི་གོང་དང་གཅིག་པ་གཅིག་རྐྱང་རེད། ནད་དུག་ནི་སྤྱི་བའི་སྒྲིག་ཆས་དག་རྐྱེན་བྱས་ནས་འགོས་པ་ཡིན་ལ། གལ་ཏེ་ངེས་པར་རེག་མི་དགོས་ན་མ་རེག་ན་བཟང་། ཡང་ངེས་པར་རེག་དགོས་པ་ཡིན་ན་རེག་རྗེས་ཁ་སྣ་དང་མིག་སོགས་ལ་མི་རེག་པར། ལག་པ་གཙང་བཀྲུ་བྱ་རྒྱུ་གལ།
ཉེ་འགྲམ་གྱི་སྡོད་ཁུལ་དང་སྲང་ལམ་སོགས་ན་ནད་པ་ཡོད་ཚེ། སྤྱི་བའི་གཙང་སྤྱོད་ཁང་དུ་སོང་ན་བདེ་འཇགས་ཡིན་ནམ།
སྤྱི་བའི་གཙང་སྤྱོད་ཁང་དུ་ནད་ཡམས་འཁྱམས་ཡོད་ཀྱང་སྲིད་པས། ལག་པ་བཀྲུ་བ་དང་ལྭ་བ་གཙང་སེལ་བྱ་རྒྱུ་གལ། དེ་བཞིན་དུ་ཁ་ཐུམ་རྒྱག་རྒྱུའང་ཧ་ཅང་གལ་ཆེན་ཡིན།
སྡོད་ཁུལ་དུ་ནད་པས་སྤྱད་པའི་གད་སྙིགས་ཡོད་ཚེ། ནད་འགོས་སྲིད་དམ།
འགོས་སྲིད། འོན་ཀྱང་འགོས་སྲིད་པའི་ཚད་ཧ་ཅང་ཆུང་།
བསམ་ཚུལ།
༡ དུས་སྐབས་གང་ཞིག་ཡིན་ཀྱང་ལག་པ་གཙང་བཀྲུ་བྱ་རྒྱུའམ་ཡང་ན་ཆང་བཅུད་དམ་བུ་གང་ལག་ཏུ་ཐོགས་རྒྱུ་གལ།
༢ དོགས་ཡོད་ཀྱི་དངོས་བོར་མི་རེག་རྒྱུ་གལ།
༣ གད་སྙིགས་འཕེན་སྐབས། གལ་ཏེ་གད་སྙིགས་འཕེན་སའི་ཁ་ལེབ་འབྱེད་དགོས་པ་ཡིན་ན། ཐེངས་གཅིག་ཅན་གྱི་ལག་ཤུབས་གྱོན་རྒྱུ་གལ།
༤ རང་གིས་བཀོལ་མྱོང་བའི་ཁ་ཐུམ་རང་རྟོགས་སྒོས་བདག་ཉར་བྱ་རྒྱུ་མ་ཟད། གནོད་ལྡན་གད་སྙིགས་ཡིན་མིན་རིགས་དགར་རྒྱུ་གལ།
ཏོག་དབྱིབས་ནད་དུག་ནི་ཕྱིའི་ཁོར་ཡུག་ནས་ཉིན་ག་ཚོད་ལ་རྒྱུན་བསྲིངས་ནས་ཁྱབ་ཐུབ་བམ།
ཞིབ་འཇུག་བྱས་ནས་ཤེས་གསལ་བྱུང་བ་ལྟར་ན། ནད་དུག་ནི་སྒོ་ལྕགས་དང་གློག་སྐས་ཀྱི་མཐེབ་གནོན་སོགས་འཇམ་གཤིས་ལྡན་པའི་དངོས་པོའི་སྟེང་ནས་དུས་ཚོད་འགར་རྒྱུན་བསྲིངས་ནས་ཁྱབ་ཐུབ་ལ།
གལ་སྲིད། དྲོད་ཚད་ཚད་ལྡན་ཡིན་པའི་གནས་ཚུལ་གྱི་འོག་ཏུ་ཉིན་འགར་རྒྱུན་བསྲིངས་ནས་ཁྱབ་ཐུབ་པས། ལག་པ་བཀྲུ་རྒྱུ་ཧ་ཅང་གལ།
ཉི་མ་དྲོ་བའི་སྐབས་སུ་ཉལ་ཐུལ་སོགས་སྒོ་ཕྱིར་གཡེང་ན་ནད་འགོས་པའི་ཉེན་ཁ་ཡོད་དམ།
ཉལ་ཐུལ་སོགས་སྒོ་ཕྱིར་གཡེང་ན་ནད་འགོས་པར་སེམས་ཁྲལ་བྱ་མི་དགོས།
ཞིབ་འཇུག་བྱས་ནས་མངོན་པ་ལྟར་ན། སྐམ་གཤིས་དང་ཚ་བ། རླུང་རྒྱུ་བ། སྨུག་ཕྱིའི་འོད་སོགས་ཕྱོགས་བསྡུས་ནུས་པའི་ཤུགས་རྐྱེན་གྱིས་ཉི་འོད་ཀྱི་འོག་ཏུ་ནད་དུག་གི་དྲག་ཚད་དང་ཁྱབ་ཚད་ཚང་མ་མར་ཆགས་ངེས་ཡིན།
རླུང་རྒྱུ་རུ་འཇུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ནད་དུག་ནི་བྱེ་རྡུལ་དང་མཉམ་དུ་ཁྱིམ་ལ་ཡོང་སྲིད་དམ།
རླུང་རྒྱུ་བས་ནད་དུག་གི་སྟུག་ཚད་མར་ཆགས་སུ་འཇུག་ངེས་ཡིན་ལ།
ཁང་བའི་ཕྱི་རུ་བར་སྟོང་ཆེ་བ་མ་ཟད་སྨུག་ཕྱིའི་འོད་ཐིག་ཀྱང་ཡོད་པས་ནད་དུག་གི་སྟུག་ཚད་ལྟོས་བཅས་ཀྱིས་ཉུང་བ་ཡིན། དེ་བས་ཕྱིའི་རླུང་ཁང་བའི་ནང་དུ་རྒྱུ་རུ་བཅུག་ན་ནད་དུག་གི་སྟུག་ཚད་མར་ཆགས་པར་ཕན་ཐོགས་ཆེན་པོ་ཡོད།
སྒོ་ཕྱིར་སོང་ནས་ཕྱིར་རང་ཁྱིམ་དུ་ལོག་རྗེས། ལྭ་བ་སོགས་ལ་གཙང་སེལ་ཇི་ལྟར་བྱ་དགོས་སམ།
སྤྱིར་བཏང་དུ་མི་ཚོགས་འདུ་སར་མ་སོང་ན། རྒྱུན་ལྡན་བཞིན་བཀྲུས་པས་ཆོག
དེ་བཞིན་མིན་ན། ཆང་བཅུད་ཀྱིས་བཀྲུ་དགོས་པ་ཡིན། ཆང་བཅུད་མེད་ན། སྟུག་ཚད་བརྒྱ་ཆའི་བདུན་ཅུ་ཅན་དང་དོན་ལྔ་ཡིན་པའི་ཆང་ཡིན་ཀྱང་ཆོག