ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་ཞིབ་འཇུག་བྱས།
2020.01.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ལུགས་གསར་གྱི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཏེ་ལུགས་རྙིང་གི་ཟླ་དང་པོའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། ཆེད་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་སྙན་ཞུར་གསན་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་ཁྱད་པར་དུ་ནད་པའི་གསོ་བཅོས་བྱ་བར་ཡང་བསྐྱར་ཞིབ་འཇུག་དང་ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་སྐུལ་སློང་བཅས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནངས། 

གྲོས་ཚོགས་ནས་ཏང་ཀྲུང་དབྱང་གིས་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་བྱ་བ་སྤེལ་རྒྱུ་ཡིན་པ་དང་། ཏང་ཀྲུང་དབྱང་གིས་ཧུའུ་པེ་སོགས་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་མཛུབ་སྟོན་ཚན་ཆུང་མངགས་ནས་འབྲེལ་ཡོད་ས་ཁུལ་གྱིས་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོའི་བྱ་བར་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཐག་བཅད། 

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བའི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་བཅོས་བྱ་བ་བྱེད་མཁན་དང་བློ་མཐུན་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། ཁྱད་པར་དུ་ཧུའུ་པེ་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པར་མ་ཟད། རིམས་ནད་ཁྲོད་ཁྱིམ་མི་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཚང་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྱོད་ཚོའི་ཕྱོགས་སུ་ལངས་ཡོད་པ་དང་། ནམ་ཡིན་ཡང་ཁྱོད་ཚོའི་རྒྱབ་རི་བརྟན་པོ་ཡིན། རིམས་ནད་བཀའ་རྒྱ་ཡིན་པ་དང་འགོག་བཅོས་ཚོད་འཛིན་འགན་འཁྲི་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག ཤུགས་སྣོན་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་པ་ང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དེ་མིག་སྔའི་ཆེས་གལ་ཆེ་བའི་བྱ་བར་དམ་འཛིན་བྱེད་དགོས། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་བྱས་ན། ང་ཚོ་ངེས་པར་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་འདི་ལས་རྒྱལ་ཁ་ལོན་ངེས་ཡིན་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རྒྱ་ཡན་དུ་འགྲོ་བའི་གནས་བབ་ཚབས་ཆེན་གྱི་མདུན་ནས། ངེས་པར་དུ་ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་དགོས་ཤིང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་བརྟན་པོར་འཛུགས་པ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱེད་པ་དང་། གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམ་ལ་ཤུགས་སྣོན་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱས་ནས། དངོས་འབེབས་བྱས་པའི་གནས་ཚུལ་དུས་ལྟར་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱེད་དགོས། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ལས་གནས་བརྟན་སྲུང་དང་ལས་ཡུལ་དང་པོར་བཀོད་འདོམ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ཉམས་སད་ཐེག་པར་བྱས་ནས་དུས་ལྟར་མཛུབ་སྟོན་དང་དུས་ལྟར་རིམས་ནད་གནས་ཚུལ་ལ་རྒྱུས་ལོན། དུས་ལྟར་འགུལ་སྐྱོད་སྤེལ་ནས། ལས་གནས་བརྟན་སྲུང་དང་འགན་འཁྲི་ཐེག་པར་བྱེད་དགོས། མཉམ་འབྲེལ་གྱི་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་བྱས་ཤིང་། འབྲེལ་ཡོད་སྨན་རྫས་དང་དངོས་རྫས་ཀྱི་མཁོ་འདོན་འགན་སྲུང་བྱ་བར་ཤུགས་སྣོན་པ་དང་། སྨན་བཅོས་མི་སྣའི་བདེ་འཇགའ་འགོག་སྲུང་བྱ་བར་ཤུགས་སྣོན་པ། ཚོང་རའི་མཁོ་འདོན་འགན་སྲུང་བྱ་བར་ཤུགས་སྣོན་པ། གླེང་ཕྱོགས་སྣེ་ཁྲིད་བྱ་བར་ཤུགས་སྣོན་པ། སྤྱི་ཚོགས་སྟོབས་ཤུགས་ཀྱི་རྩ་འཛུགས་སྐུལ་སློང་ལ་ཤུགས་སྣོན་བཅས་བྱེད་པ་དང་། སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་སྤྲོད་སྐྱིད་ཀྱི་ལོ་སར་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཞེས་གསུངས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་དུ་ཉེ་སྔོན་བསྟུད་མར་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་མཛད་བཞིན་ཡོད་ཅིང་། གྲོས་ཚོགས་ཐེངས་མང་བསྡུས་ནས་སྙན་ཞུར་ཐེངས་མང་གསན་པར་མ་ཟད། མཛུབ་སྟོན་གལ་ཆེན་གནང་སྟེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་དགོས་པ་དང་། ཞིབ་ཚགས་ལྡན་པའི་ཇུས་གཞི་གཏན་འབེབས་བྱེད་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་འགོག་བཅོས་ཚོད་འཛིན་བྱེད་པ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་རིམས་ནད་རྒྱ་ཡན་དུ་འགྲོ་བའི་རྣམ་པར་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་མང་བོར་གྲོས་ཚོགས་བསྡུས་ཏེ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་དང་། མཉམ་འབྲེལ་འགོག་བཅོས་ཚོད་འཛིན་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་ལྟར་འགོག་བཅོས་ཚོད་འཛིན་བྱ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། འགོག་བཅོས་ཚོད་འཛིན་བྱེད་ཐབས་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཟེར། 

གྲོས་ཚོགས་ནས་བསྟན་དོན། རིགས་དགར་ནས་ས་ཁུལ་སོ་སོའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་སྤེལ་བར་མཛུབ་སྟོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོས་ལུགས་རྙིང་ལོ་སར་སྐབས་ཀྱི་མང་ཚོགས་ཀྱི་བྱ་འགུལ་ཆེན་མོ་ཇེ་ཉུང་དུ་བཏང་སྟེ། གང་ནུས་ཀྱིས་མི་མང་བོ་མཉམ་དུ་འདུས་པར་སྔོན་འགོག་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ནུས་པ་གང་ཡོད་བཏོན་ནས་རིམས་ནད་ཕོག་པའི་ནད་པར་གསོ་བཅོས་བྱེད་དགོས། ནད་པ་གཅིག་བསྡུས་དང་ཆེད་མཁས་པ་གཅིག་བསྡུས། ཐོན་ཁུངས་གཅིག་བསྡུས། གཅིག་བསྡུས་གསོ་བཅོས་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། ནད་པ་ཚབས་ཆེན་དག་ཕྱོགས་བསྡུས་སྟོབས་ཤུགས་ཅུང་ཆེ་བའི་གཏན་འཁེལ་སྨན་བཅོས་ལས་ཁུངས་སུ་བསྡུས་ནས་གསོ་བཅོས་བྱས་ཏེ། དུས་ལྟར་ནད་པ་ཚང་མར་གསོ་བཅོས་བྱེད་དགོས། ནད་པའི་གསོ་བཅོས་གྲོན་དངུལ་འགན་སྲུང་ལ་ཤུགས་སྣོན་བྱས་ཤིང་། ནད་པར་དུས་ལྟར་གསོ་བཅོས་ཐོབ་པར་ཁག་ཐེག་བྱེད་དགོས་ལ། གྲོན་དངུལ་གནད་དོན་གྱིས་ནད་པར་གསོ་བཅོས་བྱེད་པར་འགོར་འགྱངས་བྱེད་མི་རུང་། རྒྱ་ཆེའི་སྨན་བཅོས་མི་སྣར་སེམས་ཁུར་དང་སྲུང་སྐྱོབ་གང་ལེགས་བྱས་ཏེ། འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་དང་འགོག་སྲུང་བྱེད་ཐབས་དངོས་འབེབ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

གྲོས་ཚོགས་ནས་བསྟན་དོན། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་ཚོད་འཛིན་བྱེད་དགོས། རིམས་ནད་ཀྱི་ཚད་འཇལ་ཞིབ་བཤེར་དང་རྩད་ཞིབ། ཉེན་གཏོང་སོགས་བྱ་བ་བཟང་བོར་བསྒྲུབས་ཏེ། སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་སྙན་ཞུ་བྱེད་པ། སྔ་མོ་ནས་ཁ་ཁར་དགར་བ། སྔ་མོ་ནས་གསོ་བཅོས་བྱེད་པ་བཅས་དངོས་འབེབ་བྱེད་དགོས། མེ་འཁོར་ས་ཚིགས་དང་གནམ་གྲུ་ཐང་། གྲུ་ཁ་སོགས་ས་གནས་གཙོ་བོ་དང་། དེ་མིན་རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་འགྲིམ་འགྲུལ་ཡོ་བྱད་ལ་རླུང་རྒྱུ་བ་དང་དུག་སེལ། ལུས་དྲོད་ཞིབ་བཤེར་སོགས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ལ། གལ་ཏེ་དོགས་ཡོད་ནད་པ་ཡོད་ན་ཁ་ཁར་དགར་ནས་ལྟ་ཞིབ་བྱེད་དགོས། སྔ་མོ་ནས་རིམས་ནད་འགོ་བའི་ཉེན་ཁར་བརྡར་གཅོད་དང་རིམས་ནད་ཀྱི་འབྱུང་རྐྱེན་གྱི་ཞིབ་བཤེར་དབྱེ་ཞིབ་ལ་ཤུགས་སྣོན་བྱེད་པ་དང་། གསོ་བཅོས་སྨན་རྫས་དང་འགོག་སྨན་མྱུར་དུ་གསར་སྤེལ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་མཐོར་གཏོང་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དུས་ལྟར་རིམས་ནད་ཀྱི་གནས་ཚུལ་ཡོངས་བསྒྲགས་གསལ་བོ་བྱེད་པ་དང་ཕྱི་ཕྱོགས་ཀྱི་སེམས་ཁུར་དང་དོ་སྣང་ལ་ལན་སྟེར་དགོས། གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ཀྱི་དྲིལ་སྒྲོག་འགྲེལ་བརྗོད་བྱ་བར་ཤུགས་སྣོན་བྱས་ཏེ། མང་ཚོགས་རང་ཉིད་ཀྱི་རིམས་ནད་འགོག་སྲུང་འདུ་ཤེས་དང་སྤྱི་ཚོགས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས། དུས་ལྟར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་རྩ་འཛུགས། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་དུ་རིམས་ནད་གནས་ཚུལ་སྙན་ཞུ་བྱེད་པ་དང་། མཉམ་ལས་ལ་ཤུགས་སྣོན་དང་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།