ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་ཚོད་འགོག་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཚོད་འགོག་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། མིག་སྔར་དང་གོ་རིམ་རྗེས་མའི་ཚོད་འགོག་བཀོད་སྒྲིག་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གཉིས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་གནང་ལ། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཐད་ཐུགས་ཁུར་བྱེད་པའི་འགན་འཁྲི་ཁག་ཁུར་མཚོན་པར་བྱས་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་རྩ་བའི་གཞི་འཛིན་སུ་རུ་བྱས་ནས། རིམས་ནད་རྒྱ་ཡན་དུ་འགྲོ་བར་གཏན་ནས་བཀག་འགོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་མཐའ་གཅིག་ཏུ་འགན་སྲུང་བྱེད་དགོས་ཟེར།
ཚོགས་ཐོག་ནས། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་དང་འཕྲལ་བསྟུན་ལས་རེས། རིམས་ནད་ལྟ་ཞིབ། ཇུས་གཞི་གཏན་འབེབས། དྲིལ་སྒྲོག་གསོ་སྦྱོང་། ལྟ་སྐུལ་ཞིབ་བཤེར། དངོས་ཟོག་ཉར་གསོག་བཅས་བྱེད་པར་ཤུགས་བསྣན་ནས། རིམས་ནད་ཚོད་འགོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། མིག་སྔར། རྒྱལ་ཡོངས་ཀྱི་རིམས་ནད་མཆེད་པར་གནས་ཚུལ་ད་དུང་བཀག་འགོག་བྱེད་ཐུབ་མེད་པ་དང་། མཚོ་སྔོན་གྱིས་ཀྱང་ཚོད་འགོག་བྱེད་པ་གཙོར་བྱས་པ་ནས་ཚོད་འགོག་དང་ཐག་གཅོད་བྱེད་པ་གཉིས་ལ་མཉམ་དུ་དམ་འཛིན་བྱེད་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་ལག་བསྟར་ནན་མོ་བྱེད་པ། མི་དམངས་མང་ཚོགས་ཀྱི་འགན་ཁུར་བའི་རྣམ་པས། རིམས་ནད་ལ་ཚོད་འགོག་བྱེད་པ་དང་། སྔར་ལས་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྣམ་པར་ཁ་གཏད་འཇལ་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་གློ་བུར་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་གྱི་རིམ་པ་དང་པོའི་དང་ལེན་རྐྱེན་སྲོལ་རེ་བ་ལྟར། ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱིས་རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་འཛུགས་པ་དང་། ཏང་སྲིད་འགོ་ཁྲིད་ཀྱིས་སྔོན་དུ་བཀོད་འདོམས་བྱེད་པ་དང་བཀོད་འདོམས་པུའུ་ཡིས་མཐུན་སྦྱོར་ལག་བསྟར་བྱེད་པ། སྡེ་ཁག་སོ་སོས་མཉམ་འབྲེལ་བྱེད་པ། སྤྱི་ཚོགས་ཡོངས་ལ་སྐུལ་སློང་གཏོང་བ། སྨན་ཁང་གི་ཆེད་མཁས་པས་འགན་ཁུར་བའི་བྱ་བའི་རྐྱེན་སྲོལ་འཛུགས་པ། རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ནས། ཏང་སྲིད་འགོ་ཁྲིད་ཀྱི་ལས་གནས་སྲུང་བ་དང་ཡུལ་དངོས་སུ་བྱ་བ་བསྒྲུབ་པ། ས་སྲུང་འགན་ཡོད་དང་ས་སྲུང་འགན་ལེན་བྱེད་དགོས། བཀོད་འདོམས་པུའུ་ཡིས་སྨན་བཅོས་ཐོན་ཁུངས་དང་འགོག་བཅོས་དངོས་ཟོག མི་སྣའི་སྟོབས་ཤུགས་ཀྱི་གཅིག་གྱུར་དང་བཀོད་སྒྲིག་ཐད་ཀྱི་འགན་ཁུར་ནས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཆ་རྐྱེན་མེད་པར་འགན་སྲུང་དང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཟེར།
ཚོགས་ཐོག་ནས། ཚན་རིག་དང་མཐུན་པ་དང་། ཁྲིམས་སྲོལ་ལྟར་དང་ཕན་པ་ཡོད་པའི་རྩ་དོན་ལྟར་རིམས་ནད་ལ་ཁ་གཏད་འཇལ་བ་དང་། རིམ་པ་དང་པོའི་དང་ལེན་རྒྱུད་རིམ་ལྟར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ས་ཁུལ་གཙོ་བོ་དང་གནད་འགག་ཡིན་ས། མི་ཚོགས་གཙོ་བོར་ཚོད་འགོག་དང་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣང་མེད་དུ་འཇོག་པ་དང་སྟེས་དབང་གི་བསམ་ཚུལ་བཅངས་པར་བཀག་འགོག་བྱས་ནས། ཚོད་འགོག་བཟང་བོ་བྱེད་པ་དང་སྔ་མོ་ནས་སྨན་བཅོས་བྱེད་དགོས། ཁོངས་གཏོགས་ས་ཆའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། སྒྲིག་ལམ་དང་རེ་བ་ཇེ་དམ་དུ་གཏོང་བ། ཡུན་རིང་བོར་ཚོད་འགོག་བྱེད་པའི་གྲ་སྒྲིག་བྱེད་པ། རིམས་ནད་ཚོད་འགོག་དང་ཐག་གཅོད་བྱེད་པའི་འགག་སྒོ་སྔོན་དུ་བསྣུར་བ། རིམས་ནད་མཆེད་པར་ཚོད་འགོག་བྱས་ཏེ། རང་འགུལ་གྱིས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཚོད་འགོག་ཐག་གཅོད་ཐད་ཀྱི་རང་འགུལ་དབང་ཆ་ལག་ཏུ་འཛིན་དགོས། འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སྤེལ་བ། དམངས་ཡོངས་ལ་སྐུལ་སློང་བྱེད་པ་དང་མི་རེ་རེར་འགན་འཁྲི་ཡོད་པར་བྱེད་པ། རིགས་མི་འདྲ་བའི་སྤྱི་ཐུན་བྱ་འགུལ་ཆེན་པོ་མི་སྤེལ་བར། རིམས་ནད་མཆེད་འགོ་ཡི་ལམ་བུ་མེད་པར་བཟོ་དགོས་ཟེར།