ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་རིམས་ནད་ཐད་ཀྱི་དཔྱད་གཏམ།
2020.01.29 ཁུངས། ཀློག་གྲངས། 9

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཡོད་པ་དང་།  འགན་འཁྲི་འཁུར་བ།  འགན་འཁྲི་བསྒྲུབ་པ་བཅས་བྱེད་དགོས་ཞེས་པའི་དཔྱད་གཏམ་སྤེལ་བ།

དཔྱད་གཏམ་ནང་།  སྤྱི་ཟླ་1པོའི་ཚེས་27ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ཐད་རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་མཉམ་སྡེབ། འགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོ་བཅས་ནས་ལས་གནས་བརྟན་སྲུང་དང་།  མདུན་ཕྱོགས་སུ་བཀོད་འདོམས་བྱེད་པར་སྐྱོད་དེ་ས་ཆ་སྲུང་བའི་འགན་འཁྲི་ཡོད་པ་དང་།  ས་ཆ་སྲུང་བའི་འགན་འཁྲི་འཁུར་བ།  ས་ཆ་སྲུང་བའི་འགན་འཁྲི་བསྒྲུབ་པ་བཅས་བྱེད་དགོས་ཞེས་བསྐྱར་དུ་མཛུབ་སྟོན་གལ་ཆེན་གནང་ཡོད།  མིག་སྔའི་ཛ་དྲག་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དམག་འཐབ་ཁྲོད་དུ་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་།  ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།  མདུན་ལ་ཤོར་ཕོད་པ་དང་འགན་འཁྲི་འཁུར་ནུས་པ།  མིག་དཔེ་བཟང་པོ་འདོན་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་རྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགོག་སྲུང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་བླང་བྱ་བཏོན་ཡོད་ཅེས་བསྟན་ཡོད།

ས་ཆ་སྲུང་བའི་འགན་འཁྲི་ཡོད་དགོས་པར།  སྔོན་ལ་ངེས་པར་དུ་ས་ཆ་གང་ཞིག་སྲུང་དགོས་པ་དང་།  འགན་འཁྲི་གང་ཞིག་ཡོད་དགོས་པའི་གནད་དོན་ཐག་གཅོད་བྱེད་དགོས།  རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ཆེས་གལ་འགངས་ཆེ་བའི་ལས་དོན་ལ་བརྩིས་ཏེ་འགན་འཁུར་བློ་མཐུན་གཙོ་བོ་རང་ཉིད་ནས་དམ་འཛིན་དང་འགན་འཁྲི་ཚང་མ་འཁུར་བ།  འགན་འཁྲི་བརྟན་དུ་གཏོང་བ།  དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱེད་དགོས།  གཞི་རིམ་དུ་ཟབ་ཞུགས་དང་མང་ཚོགས་ཁྲོད་སྐྱོད་ནས་རིམས་ནད་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་དགོས་པ་དང་།  མང་ཚོགས་ཀྱི་བསམ་ཚུལ་དང་དཀའ་ངལ།  རེ་བ་བཅས་ལ་ཤེས་རྟོགས་བྱེད་པ།  ཁོང་ཚོའི་སེམས་ཁྲལ་དང་འགལ་ཟླ་སེལ་ནས་དམངས་སེམས་བདེ་ལ་འཁོད་པ་དང་སྙིང་སྟོབས་ཡར་འཕེལ་ཡོང་བ་བྱེད་དགོས།  འཐབ་སའི་འདུ་ཤེས་འཛུགས་པ་དང་།  རིམ་པ་སྟར་ཆགས་ཀྱིས་དམ་འཛིན་བྱེད་པ།  རིམས་ནད་གནས་ཚུལ་ཤེས་རྟོགས་ཐུབ་ཕྱིན་ལོགས་དབྱེ་དང་རང་སར་བརྟག་དཔྱད།  རང་སར་ཐག་གཅོད་བཅས་བྱེད་པ།  རང་ཉིད་ཀྱི་ལག་ཐོག་ནས་ལས་འཛོལ་དང་འགན་འཛོལ་མི་ཡོང་བ་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ས་སྲུང་དང་།  མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་དགོས།  

འགན་འཁྲི་འཁུར་བ་དེ་ནི་ཛ་དྲག་པའི་དམག་འཐབ་དེའི་ཁྲོད་དང་།  ནར་འགྱངས་སྤུ་ཙམ་ཡང་བྱེད་མི་རུང་བའི་འགག་རྩའི་དུས་མཚམས་འདིར། ཏང་ཡོན་ལས་བྱེད་པས་མདུན་ལ་ཤོར་ཕོད་མིན་དང་།  འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཐུབ་མིན་དེ་དང་།  དེ་ནི་དམག་འཐབ་ཆེན་མོའི་མདུན་དུ་རྐང་ལག་ཁུམས་ནས་ཕྱིར་ཤུལ་བྱེད་པའམ་ཡང་ན་འགན་འཁྲི་འཁུར་ནས་རིམས་ནད་ལ་ཁ་གཏད་གཅོག་ནུས་མིན་དེར་ཐུག་ཡོད།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་རང་ཉིད་ནི་ཏང་ཡོན་ལས་བྱེད་ཡིན་པས་ང་རང་འགྲོ་དགོས་དང་དགོས་ངེས་ཡིན་སྙམ་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཉེན་ཁ་ག་ཚོད་ཆེ་རུང་དེ་བས་མདུན་ཕྱོགས་ཤོར་བའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གྱིས་འཐབ་ས་དང་པོར་སྐྱོད་དེ་ཏང་གི་དར་ཆ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་ས་དང་པོར་ལྷབ་ལྷབ་ཏུ་གཡོ་བ་བྱེད་དགོས།

འགན་འཁྲི་བསྒྲུབ་པ་དེ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ནས་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་མཛུབ་ཁྲིད་བྱ་རྒྱུ་དེ་རེད།  དམིགས་བསལ་གྱི་དུས་སྐབས་འདིར་ས་ཆ་སྲུང་བའི་འགག་རྩ་དེ་འགན་འཁྲི་ཇི་ལྟར་བསྒྲུབ་མིན་ལ་ཐུག་ཡོད།  དེ་ནི་གཅིག་ནས་ལས་དོན་ལ་ཚད་མཐོའི་རེ་བ་བཏོན་པ་ལས་མངོན་ཐུབ་ལ། གཉིས་ནས་ཚན་རིག་དང་མཐུན་པའི་བྱ་ཐབས་ཐོག་ནས་བཅོས་སྒྲིག་ནུས་པ་མཐོ་རུ་གཏོང་བའི་ཐོག་ནས་མངོན་ཐུབ།  རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ཁྲོད་དུ་ཞུགས་དགོས་པ་དང་།  རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཚད་རིག་དང་མཐུན་རྒྱུར་མཐོང་ཆེན་བྱེད་པ།  བྱ་ཐབས་གནད་ལ་འཁེལ་ཞིང་།  ཕན་འབྲས་མངོན་གསལ་དོད་པ་ཡོང་བ་བྱེད་དགོས།  བཀོད་འདོམས་དང་མཐུན་སྦྱོར་བྱ་རྒྱུ་སྒྲིག་འཛུགས་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་།  དེ་བས་ནུས་པ་ཆེ་བའི་འཕྲལ་སྒྲུབ་སྒྲིག་གཞི་དང་ཕྱོགས་བསྡུས་མཐུན་སྦྱོར་སྒྲིག་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་མྱུར་དུ་ཁ་གཏད་གཅོག་དགོས།  སྤྱི་ཚོགས་སྐུལ་སློང་བྱེད་པའི་སྟོབས་ཤུགས་སྔར་བས་ཤུགས་ཆེར་གཏོང་བ་དང་།  རྒྱ་ཁྱབ་ཐོག་མང་ཚོགས་སྐུལ་སློང་དང་མང་ཚོགས་སྒྲིག་འཛུགས།  མང་ཚོགས་གཅིག་བསྡུས་བྱེད་པ་བཅས་བྱས་ནས་མང་ཚོགས་ལ་བརྟེན་པ་དང་ཚོགས་སྤྱི་མཉམ་འགོག་མཉམ་བཅོས་བྱེད་པའི་འགོག་སྲུང་མཚམས་ཐིག་འགྲུབ་པ་བྱེད་དགོས།

ལོ་རྒྱུས་ཀྱི་ཉམས་མྱོང་ལས་གསལ་བར།  བར་ཆད་ཆེན་པོ་གང་ཞིག་འཕྲད་རུང་དེའི་རིན་དོད་དུ་གྱུར་བ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་བྱུང་བ་ཚད་གཞིར་མི་འཛིན་པ་མེད།  མིག་སྔར།  རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་གནས་བབ་རྙོག་འཛིང་ཆེ་ཞིང་།  ལས་འགན་དཀའ་ཚེགས་ཆེ་བའི་དུས་ལ་བབས་ཡོད། འགག་རྩའི་དུས་སྐབས་དེར་འགན་འཁྲི་འཁུར་སེམས་དང་འཇོན་ནུས།  སྤྱོད་ཚུལ་བཅས་སུ་ལ་ཡོད་མེད་ཤེས་སླ་པོ་རེད།  ང་ཚོས་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཆོད་སེམས་བརྟན་གཏོང་དང་།  རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཛ་དྲག་པའི་འཐབ་རྩོད་དེའི་ལག་ལེན་ཁྲོད་དུ་ལས་བྱེད་པར་རྟོག་ཞིབ་བྱེད་དགོས།  མི་དམངས་མང་ཚོགས་ཀྱིས་ཀྱང་འཐབ་རྩོད་དེའི་ཁྲོད་དུ་ལས་བྱེད་པར་དཔྱད་དཔོག་དང་བརྟག་དཔྱད་བྱེད་སྲིད།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དྲག་ཆར་རླུང་འཚུབ་ལ་མི་སྐྲག་པར་འགྲན་རྩོད་མདུན་དུ་བསུས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།