ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བར་མཛུབ་སྟོན་བྱེད་སྐབས་ཚན་རིག་དང་མཐུན་པར་འགོག་བཅོས་ཚོད་འཛིན་བྱེད་པའི་གཙོ་གནད་དེ་སྡོད་ཁུལ་དང་ཞིང་སྡེ་རུ་འཇོག་དགོས་ཞེས་ནན་གྱིས་བསྟན།
2020.01.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་དང་པོའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་སྡོད་ཁུལ་དང་ཞིང་སྡེའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བར་མཛུབ་སྟོན་བྱས་ཏེ། སྨན་རྫས་ཁེ་ལས་ཀྱིས་འབྲེལ་ཡོད་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དངོས་རྫས་སྐྱེལ་འདྲེན་དང་གསོག་འཇོག ཐོན་སྐྱེད་བཅས་བྱེད་པའི་གནས་ཚུལ་ལ་རྟོག་དཔྱོད་ཞིབ་འཇུག་བྱས། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་ལེགས་པར་འདོན་པ་དང་། ཚན་རིག་དང་མཐུན་པར་འགོག་བཅོས་ཚོད་འཛིན་བྱེད་པའི་གཙོ་གནད་དེ་སྡོད་ཁུལ་དང་ཞིང་སྡེར་བཞག་སྟེ། འགོག་བཅོས་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། འགོག་བཅོས་ཚོད་འཛིན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགོག་བཅོས་ཚོད་འཛིན་གྱི་ནུས་པ་མཐོར་འདེགས་བྱེད་པ། འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་བྱེད་དགོས་ཟེར།

ཝང་ཅན་ཅུན་སྔ་གཞུག་ཏུ་ཚང་མིན་སྲང་ལམ་དོན་གཅོད་ཁང་གི་ཧྲི་ཕོ་ལམ་སྡོད་ཁུལ་དུ་སོང་སྟེ། ཏང་དམངས་ཞབས་ཞུ་ས་ཚིགས་སུ་བཙུགས་པའི་ཕྱི་ཡོང་མི་སྣ་ཐོ་འགོད་བྱེད་ས་ནས། སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་ལ་ཕྱི་ཡོང་མི་སྣ་ཅི་ཙམ་ཐོ་འགོད་བྱས་པ་དང་། ཚ་བརྒྱབ་པའི་མི་ཡོད་མེད། ཁྱིམ་ནས་ལོགས་སུ་བཀར་བའི་མི་སྣའི་འཚོ་བར་འགན་སྲུང་བྱས་པ་ཅི་འདྲ་ཡིན་པ། སྡོད་ཁུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ད་དུང་དཀའ་ངལ་ཅི་ཞིག་ཡོད་པ་སོགས་ཀྱི་གནས་ཚུལ་དྲིས། དྲི་བར་ལན་བཏབ་པར་ཉན་རྗེས། ཝང་ཅན་ཅུན་གྱིས་རིམས་ནད་ནི་ཚོད་བགམ་ཡིན་ལ་སྦྱོང་བརྡར་ཡང་ཡིན། སྡོད་ཁུལ་ནི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཆེས་གཞི་རིམ་ཡིན་པས། གྲངས་ཀ་ཇི་ལྟར་ཡང་དག་པ་དང་བྱེད་ཐབས་ཇི་ལྟར་འོས་འཚམ་ཡིན་ན་བྱ་བར་ཡང་དེ་ལྟར་རང་འགུལ་ལྡན་པས། གྲངས་ཀ་གསལ་པོ་ཞིག་ལེན་རྒྱུ་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། དྲ་མིག་ཅན་གྱི་དོ་དམ་རྐྱེན་སྲོལ་གྱི་ནུས་པ་བཏོན་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རང་འགུལ་དབང་ཆ་དམ་དུ་འཛིན་དགོས། བྱ་བའི་བྱེད་ཐབས་གཙིགས་སུ་བཟུང་ནས། མང་ཚོགས་ཀྱིས་འགོག་སྲུང་བྱེད་པར་སྐུལ་སློང་བྱེད་པ་དང་། མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་བྱེད་པར་རྩ་འཛུགས་བྱེད་པ། མང་ཚོགས་ཀྱིས་རིམས་ནད་ལ་མཉམ་དུ་ཁ་གཏད་འཇལ་བའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། སྡོད་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོབ་བཟང་པོ་བྱེད་དགོས་ཟེར།

ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧོང་ཅ་ཀྲའེ་གྲོང་རྡལ་དབྱང་ཅ་ཀྲའེ་སྡེ་བ་ནས་ཕྱིར་སློག་ས་ཚིགས་དང་དྲིལ་སྒྲོག་ཐོ་འགོད་ས་ཚིགས་བཙུགས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྤྲིངས་པའི་འཕྲིན་ཡིག་དང་། རྫོང་ཨུས་རྫོང་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ལ་སྤྲིངས་པའི་འཕྲིན་ཡིག རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བདེ་ཐང་ཤེས་བྱ་དང་དྲིལ་སྒྲོག་ལག་དེབ་སོགས་བཞག་ཡོད་པར་མ་ཟད། སྡེ་མི་དག་རང་འགུལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཞུགས་ཡོད་པ་དང་། སྡེ་བའི་ཉེན་རྟོག་པ་དང་སྡེ་བའི་སྨན་པ་ལས་རེས་འཁོར་བཞིན་པ་སོགས་ཀྱི་གནས་ཚུལ་ཤེས་རྗེས། ཝང་ཅན་ཅུན་གྱིས་དེར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་གི་དུས་སྐབས་སུ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ནུས་པ་ལེགས་པར་འདོན་པ་དང་། ཏང་ཡོན་གྱི་ནུས་པ་ལེགས་པར་བཏོན་ནས། འགན་འཁྲི་འཁུར་བ་དང་ཐོབ་ཐང་སྟོན་པ། གདོང་མཆོང་བྱེད་པ། མིག་དཔེ་སྟོན་པ་བཅས་བྱེད་དགོས། སྡེ་མི་རྩ་འཛུགས་བྱས་ཏེ་དངས་སྐྲག་དང་འཚུབ་སྣང་སེལ་བ་དང་། མི་སྒེར་གྱི་འཚོ་བའི་གོམས་གཤིས་དང་སྤྱི་ཐུན་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་པར་བྱེད་པ། ཏང་དང་སྲིད་གཞུང་ལ་ཡིད་ཆེས་དང་། ཚན་རིག་ཤེས་བྱར་ཡིད་ཆེས་བྱས་ཏེ། རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཟེར།

ཝང་ཅན་ཅུན་ད་དུང་སྔ་གཞུག་ཏུ་རྒྱལ་སྨན་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ཚད་ཡོད་ཀུང་ཟིའི་མཛོད་ཁང་དང་། མཚོ་སྔོན་ཝན་ཧྥུའུ་ཁང་སྨན་ལས་ཚད་ཡོད་ཀུང་ཟིར་སོང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཕྲལ་བསྟུན་དངོས་རྫས་གསོག་འཇོག་འགན་སྲུང་དང་། དུག་སེལ་ཐོན་རྫས་གྲ་སྒྲིག་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་རྒྱས་ལོན་ཞིབ་མོ་བྱས། ཝང་ཅན་ཅུན་གྱིས་ཕྱོགས་སོ་སོའི་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། དངོས་རྫས་གྲ་སྒྲིག་གསོག་འཇོག་བྱེད་ཚད་ཇེ་མང་དུ་གཏོང་བ། ཐོན་སྐྱེད་རྩ་འཛུགས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཁྲོམ་རའི་འདོན་སྤྲོད་དང་མང་ཚོགས་ཀྱི་དགོས་མཁོའི་ཐད་ནས་གྲངས་ཀ་དང་རྒྱུ་སྤུས། རིན་གོང་བཅས་ལ་ཁག་ཐེག་བྱས་ནས། དམིགས་བསལ་གྱི་དུས་སྐབས་སུ་མཚོ་སྔོན་གྱི་ཆེད་དུ་དམིགས་བསལ་གྱི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

ཝང་ཞའོ་དང་། ཡུས་ཚུང་ལི། ཁོང་ཡུང་བཅས་མཛུབ་སྟོན་བྱ་བར་ཞུགས།