མཚོ་སྔོན་ཞིང་ཆེན་ཏང་ཨུས་རིམས་ནད་འགོག་བཅོས་ཚོད་འཛིན་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་གནས་ཚུལ་ལ་ལྟ་ཞིབ་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས།
2020.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་དང་པོའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་གནས་ཚུལ་ལ་ལྟ་ཞིབ་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་གི་བླང་བྱ་ལྟར་དུ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཐད་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

ཡུས་ཚུང་ལི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་གྱི་བླང་བྱ་གལ་ཆེན་དང་རྩ་དོན་གལ་ཆེན། སྲིད་ཇུས་གལ་ཆེན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པ། ལྟ་སྐུལ་ཞིབ་བཤེར་ལས་དོན་ཏན་ཏིག་ངང་སྤེལ་བ་བཅས་བྱས་ནས་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

ཡུས་ཚུང་ལི་ཡིས་ནན་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དེ་མིག་སྔའི་ལས་དོན་ཡོད་ཚད་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ། ཕྱི་འགོག་ནང་འཇུག་དང་ནང་ཁྱབ་འགོག་ཟོན་གྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་མཉམ་ཤུགས་ཤིག་མགྱོགས་མྱུར་སྒོས་ཆགས་པར་བྱེད་དགོས།  ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ལ་དམིགས་ནས་གཙོ་གནད་ས་ཁུལ་དང་གཙོ་གནད་ཁུལ། འགག་རྩའི་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་ཏེ། ལས་ཀའི་རང་རྟོགས་དབང་ཆ་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། གནད་དོན་ཤེས་རྟོགས་བྱ་རྒྱུར་མཐོང་ཆེན་བྱེད་པ། ཁྲིད་ཕྱོགས་ནན་མོ་འཛུགས་པ་བཅས་བྱས་ནས། འགན་འཛོལ་ཤོར་བའི་བྱ་སྤྱོད་ལ་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས། བྱེད་ཐབས་ལ་མཐོང་ཆེན་བྱས་ནས། ཁྲིམས་ལྟར་ལྟ་ཞིབ་དང་། ཚན་རིག་དང་མཐུན་པའི་ལྟ་ཞིབ། གནད་སྨིན་ལྟ་ཞིབ། ཚད་ལྡན་ལྟ་སྐུལ་བཅས་བྱེད་དགོས་ཟེར།