ལིག་ཉིང་གིས་དཔའ་ལུང་དང་ཞོན་ཧྭ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྐོག་ཞིབ་བྱས།
2020.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དང་པོའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་བཀོད་འདོམས་པ་ལིག་ཉིང་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཡུལ་དངོས་སུ་སོང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར་དུ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་པོར་འཛིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྔོན་འགོག་ཚོད་འཛིན་གཙིགས་སུ་བཟུང་སྟེ་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས། གཅིག་སྡུད་བཅས་རྒྱ་ཁྱབ་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་ཡོད་ཚད་དོན་འཁྱོལ་ནན་མོ་བྱེད་པ། མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་ནན་མོར་བསྐྲུན་པ་བཅས་བྱེད་དགོས་ཟེར།

ལིག་ཉིང་སྔ་གཞུག་ཏུ་དཔའ་ལུང་རྫོང་མཚེའུ་མགུར་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་ཞིབ་བཤེར་ས་ཚིགས་དང་། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་། དཔའ་ལུང་རྫོང་ཞིན་ལུང་ཅ་ཡོན་གཞིས་ཁུལ་ཆུང་བ། མཚེའུ་མགུར་གྲོང་རྡལ་དབྱི་ཧྲ་སྡེ་བ། ཞོན་ཧྭ་རྫོང་ཆིན་ཧྲུའེ་ཞང་གི་སྡེ་བ་ཞོལ་མའི་ཞིབ་བཤེར་ས་ཚིགས་བཅས་སུ་སོང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་པའི་ལས་དོན་མི་སྣར་ལྟ་སྐྱོང་འཚམས་འདྲི་བྱས་པར་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་དང་ཕྱིར་ཕ་ཡུལ་དུ་ལོག་མཁན་གྱི་ཐོ་འགོད། ལས་དོན་མི་སྣའི་འཚོ་བར་འགན་ལེན་བྱེད་པ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ལིག་ཉིང་གིས་བཤད་རྒྱུར།  གཞིས་ཁུལ་དང་སྡེ་བ་གཙོ་བོ་ཡིན་པའི་གཞི་རིམ་ས་ཁུལ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་པས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་དུས་ཐོག་ཏུ་མཛུབ་སྟོན་བྱེད་རྒྱུ་དང་། དུས་ཐོག་ཏུ་རིམས་ནད་ཁོང་དུ་ཆུད་པར་བྱེད་པ། དུས་ཐོག་ཏུ་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་འཐབ་འཛིང་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་པ། དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། ཕ་ཡུལ་དུ་ལོག་མཁན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་ཡང་ན་ལོགས་སུ་དགར་བ། སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོར་བསྒྲུབ་ནས་བྱེད་ཐབས་གཞི་རིམ་དུ་སྤྱོད་ཐུབ་པ་བྱེད་དགོས། རིམས་འགོག་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་སྣ་འདུ་འཛོམས་ཉུང་དུ་གཏོང་བ། རང་ངོས་འགོག་སྲུང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་དང་མཉམ་བཅོས་མཉམ་འགོག་དོན་དང་ལྡན་པ་ཞིག་བྱེད་ཐུབ་པར་འབད་དགོས་ཟེར།

དཔའ་ལུང་རྫོང་མི་དམངས་སྨན་ཁང་དང་ཞོན་ཧྭ་རྫོང་མི་དམངས་སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་བཤེར་ཡན་ལག་སྨན་བཅོས་ཁྲུའུ་དང་མཁར་ནུབ་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་སུ། ལིག་ཉིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་དང་། གནས་པའི་གནད་དོན། འཕྲད་ཀྱིན་པའི་དཀའ་ངལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་སྨན་པ་དང་སྨན་བཅོས་མི་སྣར་གུས་འདུད་དང་ཐུགས་རྗེ་ཆེ་ཞུས། ལིག་ཉིང་གིས་བཤད་རྒྱུར། རོང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ལྟོས་འཇོག་གིས་ཉམས་ཞན་ཡིན་པས། རྒྱ་ཆེའི་སྨན་པ་དང་སྨན་བཅོས་མི་སྣས་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། རང་ངོས་ནས་འགོག་སྲུང་ཡག་པོ་བྱས་ཏེ། ད་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་སེམས་ཤུགས་དང་ནུས་ཤུགས་རྩལ་དུ་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཟེར།

ལིག་ཉིང་གིས་ཞོན་ཧྭ་རྫོང་གི་ཧྭ་ལེན་འཚོ་བའི་སྒོ་རྩིས་ཚོང་ཁང་དང་ཡུང་ཅན་ཏ་སྨན་རྫས་ཁང་དུ།  མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་དང་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་བཤད་རྒྱུར། ངེས་པར་དུ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ལ་ཤུགས་བསྣན་ནས་མཁོ་སྤྲོད་འདང་ངེས་དང་། སྤུས་ཚད་བདེ་འཇགས། དངོས་ཟོག་གི་རིན་གོང་བརྟན་པོ་བཅས་ཡོང་བར་འགན་ལེན་བྱེད་དགོས་ལ། དུས་མཚུངས་སུ་ཚོང་དོན་དང་ཞིང་ལས་ཉོ་ཚོང་ཁྲོམ་ར། སྨན་རྫས་ཚོང་ཁང་སོགས་ཀྱི་བདེ་འཇགས་རིམས་འགོག་ལས་དོན་ཡག་པོར་སྒྲུབ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་རྟོག་ཞིབ་བྱེད་རོགས་བྱས།