སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གསུང་བཤད་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་འབོད་སྐུལ་གནང་ཞིང་། ས་གནས་ཁག་དང་ལས་རིགས་ཁག་གི་མི་རྣམས་ཀྱིས་ལས་གནས་བརྟན་སྲུང་དང་གཅིག་སེམས་གཅིག་སྒྲིལ་གྱིས་མཉམ་དུ་རིམས་ནད་ལ་ཁ་གཏད་གཅོག་དགོས་ཞེས་བསྟན།
ལུགས་རྙིང་ལོའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་ལྷག་པར་དུ་ནད་པར་སྨན་བཅོས་བྱེད་པའི་ལས་དོན་ཐད་སླར་ཡང་ཞིབ་འཇུག་དང་སླར་ཡང་བཀོད་སྒྲིག སླར་ཡང་སྐུལ་སློང་བཅས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་ནས་ཚན་རིག་ལ་བརྟེན་ནས་རིམས་ནད་གནས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་གནང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་ཀྱིས་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་འབོད་སྐུལ་གནང་བ་བཅས་བྱས་པས་གྲང་རླུང་ལྡང་བའི་དགུན་དུས་འདིར་མི་དམངས་ཁྲི་སྟོང་མང་པོར་སེམས་ཤུགས་དང་སྟོབས་ཤུགས་སྦྱིན་ཡོད། འགོས་ཁྱབ་ཆེ་རུ་འགྲོ་བཞིན་པའི་རིམས་ནད་ལ་ཕྱོགས་སྐབས་མི་མང་པོས་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་བློས་གཏོང་གིས་ལས་གནས་བརྟན་སྲུང་ནང་ཞུགས་ཡོད། མདུན་ཕྱོགས་ནས་རྒྱབ་ཕྱོགས་བར་ཚང་མས་གཅིག་སེམས་གཅིག་སྒྲིལ་གྱིས་མཉམ་དུ་རིམས་ནད་ལ་ཁ་གཏད་གཅོག་བཞིན་ཡོད་པ་རེད།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་ལྟེ་བའི་སྨན་ཁང་གི་དབུགས་ལམ་དང་ཚབས་ཆེའི་གསོ་རིག་ཚན་ཁག་ཏུ་ཞོགས་པར་བྲེལ་བས་འཚུབ་པའི་སྨན་ཞབས་དཔོན་ཉི་ཧྥང་གིས་ལོག་དབྱེའི་ནད་ཁང་ནས་ཕྱིར་ཐོན་ཏེ་ཁ་རས་དཀྲོལ་སྐབས་གཞི་ནས་སྣ་གདོང་བརྡར་ཟད་ཐེབས་པ་ཤེས་རྟོགས་བྱུང་ཡོད། མཐུག་ཅིང་རླུང་འགྲོ་མེད་པའི་འགོག་སྲུང་གྱོན་གོས་ནི་སྨན་བཅོས་མི་སྣས་ཉིན་གང་གྱོན་དགོས། ཁོང་ཚོ་ལོག་དབྱེ་ཁང་ནས་ཕྱིར་དོན་སྐབས་ནང་གོས་རྔུལ་ཆུས་རློན་ཀྱང་དུ་གྱུར་གྱིན་ཡོད། ཝུའུ་ཧན་སློབ་ཆེན་གྱི་མི་དམངས་སྨན་ཁང་དུ་ལོ་རབས་90ཡི་རྗེས་སུ་སྐྱེས་པའི་སྨན་ཞབས་པ་ཡང་ཡུས་ཁྲེང་དང་ཀྲུའུ་ཐིང་ཤོན་གཉིས་ཀ་རིམས་ནད་དེ་འདྲར་ཕྱོགས་ཐེངས་དང་པོ་ཡིན། འོན་ཀྱང་ཁོང་ཚོར་ཞེད་སྣང་གི་བསམ་པ་གཏན་ནས་མེད། ཁོང་གཉིས་ཀྱིས། འགོག་སྲུང་གྱོན་གོས་གྱོན་རྗེས་རང་ཉིད་དབུགས་ཀྱང་གཏོང་དཀའ་བར་གྱུར་ནས་གསོ་རླུང་མི་འདང་བ་ཏོག་ཙམ་ཡོང་གི་འདུག འོན་ཀྱང་། རང་ཉིད་ཀྱི་སྨན་ཞབས་ལས་དོན་ཡག་པོ་བསྒྲུབ་དགོས། འཐབ་ས་དང་པོར་ལས་དོན་བསྒྲུབ་བཞིན་པའི་ལས་རོགས་མང་ཆེ་བ་གཞོན་ནུ་རེད་ལ། འཐབ་ས་དེ་བརྟན་སྲུང་བྱེད་བཞིན་ཡོད་པས་ངས་ཀྱང་ཕྱིར་གཤོལ་རྒྱག་མི་སྲིད་ཅེས་གསུངས་པ་རེད།
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་ཝུའུ་ཧན་ཕུད་པའི་དེ་མིན་གྱི་ས་གནས་མང་པོའི་སྨན་དོན་མི་སྣས་ཀྱང་ལས་གནས་བརྟན་སྲུང་གནང་བཞིན་ཡོད། རིམས་ནད་ཀྱི་བརྡ་ཐོ་འབྱོར་བ་ནས་བཟུང་། ཨན་ཧུའེ་ཞིང་ཆེན་གྱིས་བཙུགས་པའི་སྨན་ཁང་གི་འགོས་ནད་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ཀྱིས་ལས་གནས་བརྟན་སྲུང་དང་། ནད་སྡོད་ཁང་གི་ནད་ཁྲི་ཚང་མ་སྟོང་པ་བཟོས་ཡོད། ཨན་ཧུའེ་ཞིང་ཆེན་གྱིས་བཙུགས་པའི་སྨན་ཁང་གི་འགོས་ནད་སྨན་ཁང་གི་འགོ་འཛིན་གཞོན་པ་མ་ཞའོ་ལིང་གིས། སྨན་ཁང་ལ་ངལ་གསོ་ཉིན་གཅིག་ཀྱང་མེད། ནུས་པ་ཐོན་སྲིད་སྙམ་པའི་སྨན་ཚང་མའང་ང་ཚོས་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས་ཡོད།
དུས་ཆེན་རིང་། གྲོང་ཁྱེར་གྱི་སྡེ་ཁུལ་ནས་གྲོང་རྡལ་དང་གྲོང་གསེབ་བར། ལས་དོན་མི་སྣ་མང་པོས་ངལ་གསོའི་དུས་ཚོད་བློས་གཏོང་གིས་ཁྱིམ་ཚང་ཁག་ཏུ་བསྐྱོད་དེ་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད། ཝུའུ་ཧན་གྲོང་ཁྱེར་ཚའེ་ཏན་ཁུལ་དུ་གྲོང་ཚོའི་ལས་བྱེད་པ་དང་མི་ཚོགས་སྔོན་འགོག་ཚོད་འཛིན་རུ་ཁག་གིས་ཁྱིམ་ཚང་རེ་རེ་བྱས་འཐེན་བཤེར་བྱས་ཏེ་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པ་བྱས་ཡོད། གཞན་ཡང་། ཚའེ་ཏན་ཁུལ་གྱི་གྲོང་གསེབ་འཕྲལ་སྒྲུབ་རླུང་འཕྲིན་ནས་སྙན་སྒྲོན་ཞུ་ཐེངས་མང་དུ་བཏང་སྟེ་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད། གྲོང་ཚོའི་ལས་བྱེད་པ་ཚོས་ཁྱིམ་ཚང་མི་རེ་ངོ་རེར་བསྐྱོད་དེ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཇི་ལྟར་སྔོན་འགོག་བྱེད་དགོས་པའི་དྲིལ་བསྒྲགས་ལག་དེབ་གཤམ་སྤྲོད་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག ཟོག་འདྲེན་འགྲིམ་འགྲུལ་གྱིས་ཀྱང་རོགས་སྐྱོར་ཧུར་ཐག་བྱེད་བཞིན་ཡོད། སྤྱི་ཚེས་25ཉིན་ནས་བཟུང་། ཀྲུང་གོ་ལྕགས་ལམ་ནན་ཁྲང་ཅུད་ཚོགས་པ་ཀུང་སིས་ཤར་གཏོང་ལམ་བུ་བཀོད་སྒྲིག་ཀྱིས་ཧུའུ་པེ་རུ་རིགས་ཁག་གི་རིམས་འགོག་དང་འཚོ་བའི་དངོས་ཟོག་དབོར་འདྲེན་བྱེད་བཞིན་ཡོད། མེ་འཁོར་ལན་གྲངས་T158དང་D2236བརྒྱུད་དེ་རིམས་འགོག་དངོས་ཟོག་དང་སྨན་རྫས་ཝུའུ་ཧན་དུ་དབོར་བ་དང་། སྨན་རྫས་འདི་དག་ས་གནས་ཁག་དེ་གའི་སྨན་ཁང་ཆེ་གྲས་སུ་གཤམ་སྤྲོད་བྱས་ཟིན་ཡོད། ཧྲེ་ཅ་ཀྲོང་ཀྲེང་ཏིང་རྒྱལ་སྤྱིའི་གནམ་ཐང་གི་ལས་དོན་མི་སྣ་ཡོངས་རྫོགས་ལས་གནས་བརྟན་སྲུང་གིས་རིམས་ནད་ཁུལ་དུ་དབོར་རྒྱུའི་སྨན་རྫས་དང་སྨན་བཅོས་ཡོ་ཆས་ལ་དམིགས་ཏེ། ཆེད་དོན་སྐྱེལ་འདྲེན་འགན་སྲུང་ཇུས་གཞི་བཏིངས་བ་དང་འཕྲལ་སྒྲུབ་འགྲོ་ལམ་བཏོད་དེ་ཆེད་དོན་མི་སྣ་སྣོན་གཏོང་གིས་དངོས་ཟོག་གཏོང་ལེན་བྱས་པ་དང་། སྨན་རྫས་དང་སྨན་བཅོས་ཡོ་ཆས་ཆུ་ཚོད་24ནང་ཚུན་དུ་བསྡུ་ལེན་དང་སྐྱེལ་འདྲེན་བྱེད་རྒྱུར་འགན་ལེན་ཏན་ཏིག་བྱས་པ་མ་ཟད་གནམ་གྲུ་ལན་གྲངས་སྔ་ཤོས་ཀྱིས་སྐྱེལ་འདྲེན་བྱེད་དགོས་པའི་བཀོད་སྒྲིག་བྱས་ནས་སྨན་རྫས་གང་མགྱོགས་དམིགས་སར་འབྱོར་རྒྱུར་འགན་སྲུང་བྱས་ཡོད་པ་རེད།
རིམས་ནད་ལ་ཕྱོགས་སྐབས་སེམས་ཁམས་སློབ་གསོ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཀྲེ་ཅང་ཞིང་ཆེན་ཀྲའུ་ཧྲན་གྲོང་ཁྱེར་སྤྱི་པའི་ཞབས་ཞུའི་དོ་དམ་ལྟེ་གནས་སུ་བདག་སྤྲོད་པ་ལིན་ཀྲེ་ལི་ཡིས་དངངས་འཚབ་སྤུ་ཙམ་མེད་པར་གྲོང་མིའི་བློ་འདྲིའི་ཁ་པར་གསན་བཞིན་ཡོད། ཉེ་དུས། ལི་ཀྲེ་ལི་ཡིས་ཕྱི་དྲོའི་ཆུ་ཚོད་ལྔ་པ་ནས་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་བར་ཕྱག་ལས་གནང་ལས་ཞུགས་ཀྱི་ཡོད། ཁོང་གིས། ང་ཚོས་གྲོང་མི་དང་ཐད་ཀར་འབྲེལ་གཏུག་བྱེད་དགོས་རྐྱེན། གྲོང་ཁྱེར་གྱི་རིགས་ཁག་གི་ཆ་འཕྲིན་གསར་ཤོས་ཤེས་རྟོགས་ཐུབ་པ་བྱེད་དགོས། ད་ལྟའི་རིམས་ནད་ལྟ་བུའི་གནས་ཚུལ་འོག་ངང་རྒྱུད་རིམ་ཙམ་བྱས་ནས་ཁོང་ཚོར་སེམས་ཁམས་སློབ་གསོ་རྒྱག་རྒྱུ་དང་གནད་དོན་ཐག་གཅོད་རོགས་བྱེད་དགོས་ཞེས་གསུངས་པ་རེད།