ཟླ་གཉིས་པའི་ཚེས་གཅིག་ཉིན། ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གནས་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་གསར་པར་ཞིབ་འཇུག་བརྡར་གཅོད་བྱས་ལ། འགོག་སྲུང་དངོས་རྫས་ཀྱི་འགན་སྲུང་དང་ཞལ་འདེབས་དངུལ་རྫས་ཀྱི་བསྡུ་ལེན་དོ་དམ་བཀོལ་སྤྱོད། ལོ་སར་རྗེས་ཀྱི་ལས་ཀ་ལས་འགོ་རྩོམ་པ་དང་ཚོང་རྒྱག་འགོ་རྩོམ་པ། སློབ་གྲྭ་ཚོགས་འགོ་རྩོམ་པ་བཅས་ཀྱི་གྲ་སྒྲིག་སོགས་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས།
ལིག་ཉིང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་བྱུང་རྗེས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། མྱུར་དུ་བྱེད་ཐབས་སྤྱད་པ་དང་། རྩ་འཛུགས་ཞིབ་མོ་བྱས་ལ། མཉམ་འགོག་མཉམ་བཅོས་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཤུགས་བསྣན་ནས་ཕན་འབྲས་ལེགས་པོ་བླངས་ཡོད། ཡིན་ནའང་ལོ་སར་གྱི་གུང་གསེང་མཇུག་རྫོགས་ལ་ཉེ་ཞིང་། ཁེ་ལས་དང་ཚོང་ལས། སློབ་གྲྭ་དག་གིས་བསྟུད་མར་ལས་ཀ་དང་ཚོང་གཉེར། སློབ་གྲྭ་ཚོགས་པ་བཅས་ཀྱི་འགོ་རྩོམ་རྒྱུ་ཡིན་ལ། ཕྱིར་མཚོ་སྔོན་དུ་ལོག་པའི་མི་རིམ་བཞིན་ཇེ་མང་དུ་སོང་བ་དང་། མི་སྣ་མང་འདུས་ཀྱི་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བར་བསྟུན་ནས། རིམས་ནད་འགོག་བཅོས་ཚོད་འཛིན་ཡང་གནས་བབ་གསར་པ་དང་འཕྲད་ཡོད་པས། ངེས་པར་དུ་ཚན་རིག་དང་མཐུན་པར་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། དམིགས་ཡུལ་ལྡན་པའི་སྒོ་ནས་བྱེད་ཐབས་སྤྱད་དེ། འགོག་བཅོས་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་དམ་འཛིན་བཟང་པོ་བྱེད་དགོས་ཟེར།
ལིག་ཉིང་གིས་ནན་གྱིས་བསྟན་དོན། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་གསར་པ་དང་ཁྱད་ཆོས་གསར་པ་གཞིར་བཟུང་ནས། བསམ་བློ་དང་བྱ་བའི་ཐད་ནས་གྲ་སྒྲིག་ལེགས་པོ་བྱེད་དགོས། གནད་དུ་འཁེལ་ཞིང་ཕན་འབྲས་མཐོ་བའི་སྒོ་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣར་ཞིབ་བཤེར་དོ་དམ་ཚོད་འཛིན་བཟང་པོ་བྱེད་པ་དང་། གཞི་གྲངས་ཆེན་པོ་སོགས་ཆ་འཕྲིན་ལག་རྩལ་ལེགས་པོར་བཀོལ་བ། དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ། འགོག་སྲུང་གི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གནས་གང་ཡང་མི་ལུས་པ་དང་། ཁུངས་སྣེ་གཅིག་ཀྱང་མི་འདོར་བ། ཆད་ལུས་མ་ཤོར་བ་བཅས་བྱེད་དགོས། ཕྱིར་མཚོ་སྔོན་དུ་ལོག་པ་དང་མཚོ་སྔོན་ནང་ཁུལ་ནས་འགྲོ་འོང་བྱེད་མཁན་གྱི་ཆ་འཕྲིན་ཐོ་འགོད་བྱེད་པ་དང་། ཁྱིམ་ནས་ལོགས་སུ་བཀར་ཏེ་གསོ་རིག་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱས་ཏེ། དུས་ཚོད་དང་དུས་མཚམས་གཏན་ཁེལ་གསལ་བོ་བྱེད་པ་དང་། སྒྲིག་ལམ་དང་བླང་བྱ་གཟབ་ནན་དུ་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། ནད་དུག་མཆེད་པར་མཐའ་གཅིག་ཏུ་འགོག་སྡོམ་བྱེད་དགོས། ལོགས་སུ་འགར་བ་དང་བྱ་བ་སྒྲུབ་པ་གཉིས་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པ་དང་། མཉམ་འབྲེལ་དྲ་བ་བཀོལ་ནས་གཞུང་དོན་སྒྲུབ་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཞུང་སྒྲུབ་ཁང་དང་བྲལ་ཡང་བྱ་བ་དང་ཁ་མི་འབྲལ་བར་བྱེད་དགོས། སྟོབས་ཤུགས་ཆེས་ཆེན་པོ་གཅིག་ཏུ་བསྡུས་ནས་ནད་ངོས་བཟུང་བ་དང་ནད་རྟགས་ཡོད་པའི་ནད་པའི་ནད་བརྟག་སྨན་བཅོས་བྱ་བ་གང་ནུས་ཅི་ཐུབ་ཀྱིས་བཟང་པོར་སྒྲུབ་དགོས་ཟེར།
ལིག་ཉིང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་བསམ་ཇུས་གཅིག་ཏུ་འདོན་པའི་འདུ་ཤེས་བཅངས་ཏེ། རང་ཞིང་གི་ཁ་བཏུམས་སོགས་འགོག་སྲུང་དངོས་རྫས་ཀྱི་དགོས་མཁོར་རྩད་གསལ་བོ་གཅོད་དགོས་ལ། སྤུས་ཚད་གཙིགས་སུ་འཛིན་པ་དང་། ཕྱོགས་བསྡུས་ཇུས་གཞི་སྤྱད་ནས། ཁ་བཏུམས་དང་ཆང་བཅུད། དུག་སེལ་གཤེར་ཁུ། ལུས་དྲོད་འཇལ་ཆས་སོགས་འགོག་སྲུང་དངོས་རྫས་དཀོན་པོའི་རིགས་ཀྱི་བཀོད་སྒྲིག་སྐྱེལ་འདྲེན་ནུས་ཤུགས་དངོས་སུ་ཇེ་ཆེར་བཏང་སྟེ། འགོག་སྲུང་ཚོད་འཛིན་གྱི་འཐབ་ཡུལ་དང་པོའི་དགོས་མཁོར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པར་མ་ཟད། མི་དམངས་མང་ཚོགས་ཀྱི་དུས་རྒྱུན་གྱི་འགོག་སྲུང་གི་དགོས་མཁོ་ཡང་ཚད་ཆེས་ཆེ་མཐོ་བའི་སྒོ་ནས་བསྐོང་དགོས། སྤྱི་ཚོགས་སྟེང་ཞལ་འདེབས་སུ་ཕུལ་བའི་དངུལ་རྫས་བསྡུ་ལེན་དོ་དམ་བཀོལ་སྤྱོད་བྱེད་པའི་སྒྲིག་སྲོལ་ཞིབ་མོ་གཏན་འབེབས་བྱེད་པ་དང་འཐུས་ཚང་དུ་བཏང་ནས། དངུལ་རྫས་བསྡུ་ལེན་དང་བགོ་བཤའ། བཀོལ་སྤྱོད་ཀྱི་ཆ་འཕྲིན་དག་མུ་འབྲེལ་གྱིས་དུས་ལྟར་མངོན་གསལ་དུ་ཁྱབ་བསྒྲགས་བྱེད་དགོས་པ་དང་། རང་འགུལ་གྱིས་མང་ཚོགས་ཀྱི་ལྟ་རྟོག་དང་ལེན་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁུར་ལ་ལན་སྤྲད་དེ། ཕན་ནུས་ལྡན་པར་བཀོལ་བར་ཁག་ཐེག་བྱེད་དགོས་ཟེར།
ལིག་ཉིང་གིས་ནན་གྱིས་བསྟན་དོན། ཁེ་ལས་དང་ཚོང་ལས་ཀྱིས་ལས་ཀ་ལས་འགོ་རྩོམ་པ་དང་ཚོང་རྒྱག་འགོ་རྩོམ་པའི་ལྡོག་ཕྱོགས་གསལ་ཁྲ་མྱུར་དུ་གཏན་འབེབས་བྱས་ཏེ། ལོ་སར་གྱི་རྗེས་སུ་ལས་ཀ་ལས་འགོ་རྩོམ་པ་དང་ཚོང་རྒྱག་འགོ་རྩོམ་པ། སློབ་གྲྭ་ཚོགས་འགོ་རྩོམ་པ་བཅས་ཀྱི་འཆར་གཞི་ཚན་རིག་དང་མཐུན་པར་བཟོ་བ་དང་། ཁོངས་གཏོགས་ས་ཆའི་དོ་དམ་ལ་ཤུགས་སྣོན་པ། ལས་ཀ་ལས་འགོ་རྩོམ་པ་དང་ཚོང་རྒྱག་འགོ་རྩོམ་པའི་མཆན་འགོད་བརྒྱུད་རིམ་གཏན་ཁེལ་གསལ་བོ་བྱེད་པ་བཅས་ཀྱི་སྒོ་ནས་ཆ་རྐྱེན་ཚང་བའི་ཁེ་ལས་དང་ཚོང་ལས་ཀྱིས་སྔ་མོ་ནས་ཐོན་སྐྱེད་ཚོང་གཉེར་སླར་གསོ་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱེད་དགོས་ན་ཡང་། བློ་གཏད་ཆོག་པའི་འགན་སྲུང་མེད་པའི་གནས་ཚུལ་འོག་རང་དགར་ལས་ཀ་ལས་འགོ་དང་ཚོང་རྒྱག་འགོ་གཏན་ནས་རྩོམ་དུ་འཇུག་མི་རུང་། ཏང་སྲིད་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་ལོ་སར་རྗེས་ཀྱི་གཞུང་སྒྲུབ་ཁང་གི་དུག་སེལ་དང་། ལས་ཁུངས་ཀྱི་ཟས་སྤྱོད། ཚོགས་ར་སོགས་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་གོ་རིམ་ལྡན་པའི་བཀོད་སྒྲིག་བྱེད་དགོས་པ་དང་། ཉེ་བའི་དུས་སུ་ཚོགས་འདུ་བསྡུ་ན་ཅི་ནུས་གང་ཐུབ་ཀྱིས་བརྙན་རིས་ཁ་པར་དང་། དྲ་རྒྱའི་བརྙན་རིས་སོགས་ཀྱི་ཐབས་ལ་བརྟེན་ནས་བསྡུས་ཏེ། ཉེན་ཁ་གསར་པ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་དགོས་པ་དང་མཉམ་དུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་གྱིས་ཇུས་འགོད་བྱས་ཏེ། དུས་ཚིགས་དང་པོར་བྱ་བ་སྣ་ཚོགས་ཀྱི་འགོ་བཟང་པོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།