བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པས་ཡང་བསྐྱར་ཐབས་ལམ་སྣ་ཚོགས་བརྒྱུད་དེ། ལང་ལོང་སྒོས་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་འགོག་བྱ་བར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་སྟེ། རིམས་ནད་ཀྱིས་ཀྲུང་གོའི་ཁྱིམ་ཚང་མང་བོར་སྡུག་བསྔལ་དང་གྱོང་གུད་བཟོས་པར་འཚམས་འདྲི་བྱས་པ་དང་། ནད་པ་ཚང་མ་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཁོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་དང་གྱོང་གུད་ཇེ་ཉུང་དུ་གཏོང་ཐུབ་པར་ཡིད་ཆེས་ཡོད། ཨུ་རུ་སིའི་མི་དམངས་ཀྱིས་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ལ། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོའི་འབྲེལ་ཡོད་སྡེ་ཁག་བར་མཐུན་སྦྱོར་ཟབ་མོ་བྱས་ནས། གང་མགྱོགས་སྒོས་ང་ཚོའི་མདུན་དུ་ལྷགས་པའི་ཐུན་མོང་གི་འཇིགས་ཉེན་དེ་སེལ་དགོས་ཟེར།
ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཀྲུང་གོའི་མགོ་ཁྲིད་པ་དང་ཀྲུང་གོའི་མི་དམངས་ཀྱི་དཔའ་མཛངས་སྙིང་སྟོབས་དང་བྱ་བའི་ཕན་འབྲས་བཟང་བོས་མི་ཀུན་ཧ་ལས་པར་བྱས་ཡོད། ཨུ་རུ་སི་དཀར་པོ་ནི་དུས་གཏན་དུ་ཀྲུང་གོའི་བློས་ཐུབ་ཀྱི་གྲོགས་པོ་ཡིན། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཀྲུང་གོར་སྨན་བཅོས་དངོས་རྫས་ཀྱི་འདོན་སྤྲོད་བྱས་ཏེ་ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
ཐེ་གོའི་རྒྱལ་བ་ཝ་ཅི་ལཱ་ལུང་ཀུང་གིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་སྲིད་གཞུང་གི་རིམས་ནད་འགོག་བཅོས་ཐད་ཀྱི་ཆོད་སེམས་དང་རིམས་ནད་འགོ་བཅོས་བྱེད་ཐབས་སྣ་ཚོགས་ཀྱིས་བག་ཆགས་ཟབ་མོ་བཞག་ཡོད། ང་དང་ཐེ་གོའི་མི་དམངས་ཡོངས་ཀྱིས་ཀྲུང་གོའི་མི་དམངས་དང་དཀའ་སྡུག་མཉམ་མྱོང་བྱེད་འདོད་ཡོད་ལ། ཀྲུང་གོས་སྔ་མོ་ནས་དཀའ་ཁག་ཁྱད་དུ་བསལ་ནས་རིམས་ནད་འགོག་བཅོས་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཟེར།
ནེ་པཱ་ལཱའི་ཙུང་ཐུང་པན་ཏཱ་ལི་ཡིས་བསྟན་དོན། དཀའ་སྡུག་གི་སྐབས་འདིར་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་བར་མཐུན་སྒྲིལ་བྱེད་དགོས། ང་ཚོས་ཀྲུང་གོའི་མགོ་ཁྲིད་པས་རིམས་ནད་འགོ་བཅོས་ཐད་འབད་འཐབ་བྱས་པར་གཟེངས་བསྟོད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ནེ་པཱ་ལཱའི་སྤྱི་དམངས་ལ་སེམས་ཁུར་བྱས་པར་བཀའ་དྲིན་ཞུས།
ཐུ་ནི་ཞི་ཡཱའི་ཙང་ཐུང་སེ་དབྱེ་ཏི་ཡིས་ཀྲུང་གོའི་སྲིད་གཞུང་གི་རིམས་ནད་འགོག་བཅོས་བྱེད་པའི་བྱ་བར་གཟེངས་བསྟོད་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་བྱེད་ཐབས་སྣ་ཚོགས་ལ་སྔ་མོ་ནས་གྲུབ་འབྲས་ཐོབ་པ་དང་བདེ་བླག་ངང་རིམས་ནད་འགོག་བཅོས་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཁཱ་མེ་ལུང་གི་ཙུང་ཐུང་པུས་ཡཱ་ཡིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དཔའ་མཛངས་ལྡན་པའི་སྒོ་ནས་རིམས་ནད་ལ་འགོག་བཅོས་བྱེད་པའི་སྐབས་སུ། ངས་ཁཱ་མེ་ལུང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་མི་དམངས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པ་ཡིན་ཟེར།
ཁི་ཐི་ཏིས་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་ཡིས་བསྟན་དོན། ཁི་ཐི་ཏིས་ཝོར་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་འབད་འབུངས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ཀྲུང་གོའི་རིམས་ནད་འགོག་བཅོས་བྱ་བར་གཟེངས་བསྟོད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཕཱ་ཁི་སི་ཐན་གྱི་སྤྱི་དམངས་ལ་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཀྲུང་གོའི་ཕྱོགས་ཀྱིས་ཐུན་མོང་མ་ཡིན་པའི་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་རིམས་ནད་འགོག་བཅོས་ཐུབ་པར་ཡིད་ཆེས་ཡོད། ཕཱ་ཁི་སི་ཐན་གྱིས་ཀྲུང་གོའི་ཕྱོགས་ལ་སྨན་བཅོས་དངོས་རྫས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
མོང་གོལ་གྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་ཡིས་བསྟན་དོན། མོང་གོལ་མི་དམངས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་མདུན་དུ་ལྷསག་པའི་རིམས་ནད་ཀྱི་འགྲན་རྩོད་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་དང་མི་དམངས་ཀྱི་མཐུན་སྒྲིལ་འོག ཀྲུང་གོའི་ཕྱོགས་ཀྱིས་མྱུར་དུ་རིམས་ནད་འགོ་བཅོས་ཐུབ་པར་ཡིད་ཆེས་ཡོད་ཟེར།
སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་བསྟན་དོན། ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། སིང་ག་ཕོར་གྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་པས་འཚུབ་ཆ་ལངས་དགོས་མེད། སིང་ག་ཕོར་གྱིས་ཀྲུང་གོའི་བར་མཉམ་ལས་གང་ལེགས་བྱས་ཏེ་མཉམ་དུ་རིམས་ནད་འགོག་བཅོས་བྱེད་རྒྱུ་ཡིན་ཟེར།
ཧྲིན་ཏའོ་མེ་དང་ཕུའུ་ལིན་ཞི་པུས་ཀྱི་ཙུང་ལི་རུ་སུའུ་སི་ཡིས་ཀྲུང་གོའི་སྲིད་གཞུང་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་མིག་སྔའི་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལོན་སྲིད་པར་ཡིད་ཆེས་ཡོད་ཟེར།
ཐེ་གོ་དང་ཧིན་རྡུ་ཉི་ཞི་ཡཱ། རྒྱ་གར། དབྱི་ལིང་། ཨེ་སེ་ཨོ་ཕི་ཡཱ། པུའུ་ཁི་ནཱ་ཧྥ་སོ། ཐིག་དམར་ཀུའེ་ནེ་ཡཱ། ཀང་པུ་ཡཱ། སེ་ར་རེ་ཨང་བཅས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོའི་མགོ་ཁྲིད་པས་ཐབས་ཇུས་ནུས་ལྡན་སྤྱད་པ་དང་བཀོད་འདོམ་ཡང་དག་བྱས་ཤིང་། མངོན་གསལ་ཡོངས་བསྒྲགས་དང་འགན་ཁུར་བའི་རྣམ་འགྱུར་བཟུང་བར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་མཇུག་མཐའི་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།
རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ཡིས་བསྟན་དོན། ངས་ཀྲུང་གོའི་མི་དམངས་ཀྱིས་སྤེལ་བཞིན་པའི་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་དང་བླ་མེད་ཀྱི་གུས་སེམས་སྟོན་བཞིན་ཡོད། པེ་ཅིང་གི་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་ཤུགས་རྐྱེན་མི་ཐེབས་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད་ཟེར།
ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ནོའུ་ལོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་པ་དང་། ཁྱད་པར་དུ་རིམས་ནད་ཀྱི་གནས་ཚུལ་མངོན་གསལ་ཡོངས་བསྒྲགས་བྱས་ཏེ། ཀྲུང་གོའི་སྲིད་གཞུང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ཆེན་པོ་ཁུར་བ་འི་གནས་ཚུལ་མངོན་པར་བྱས་པར་མ་ཟད། ས་ཁུལ་དང་འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ལས་ལ་བརྩོན་ཞིང་དཔའ་མཛངས་ལྡན་ལ། བློ་གྲོས་ཆེ་བའི་ཀྲུང་གོའི་མི་དམངས་དུས་ཡུན་ཐུང་ངུའི་ནང་རིམས་ནད་དེ་ལས་ཐར་ཐུབ་པར་ཡིད་ཡིད་ཆེས་ཡོད་ཟེར།
ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཚབ་བྱས་ཏེ་ཀྲུང་གོའི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱས། ཁོས་དཀའ་སྡུག་གི་དུས་སྐབས་འདིར་ང་ཚོས་ཀྲུང་གོའི་བར་གྱི་མཐུན་སྒྲིལ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།
འཛམ་གླིང་དངུལ་ཁང་གི་མགོ་བ་མཱ་ཨར་ཕཱ་སི་དང་ཨེ་ཤ་ཡཱ་གསར་སྤེལ་དངུལ་ཁང་གི་མགོ་བ་ཆན་ཁྲོན་ཡཱ་སི། ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་མགོ་བ་ཅིན་ལི་ཆོན། གསར་སྤེལ་དངུལ་ཁང་གི་མགོ་བ་ཁཱ་མཱ་ཐི། པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་པོ་ཕན་ཅི་ཝུན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཧྥུའུ་ཨར་བཅས་ཀྱིས་ཀྲུང་གོའི་མགོ་ཁྲིད་དང་ཀྲུང་གོའི་སྲིད་གཞུང་གིས་རིམས་ནད་འགོག་བཅོས་ཐད་བྱེད་ཐབས་ནུས་ལྡན་བཏོན་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོས་ཐེངས་འདིའི་རིམས་ནད་འགོག་བཅོས་ཁྲོད་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་བར་མཉམ་ལས་བྱས་ཏེ། ཀྲུང་གོའི་ཕྱོགས་ལ་རོགས་སྐྱོར་བྱེད་རྩིས་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།