ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་གཉིས་པའི་ཚེས་གཅིག་ཉིན། རང་ཞིང་གི་ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་ཐོག་མའི་འགན་ཁུར་བས་ཝུའུ་ཧན་གྲོང་ཁྱེར་ཧིན་ཀྲིག་ཆུའུ་སྲིད་གཞུང་དང་། ཆུའུ་འཕྲོད་བསྟེན་བདེ་ཐང་ཅུའུ། རོགས་སྐྱོར་ཐོབ་པའི་སྨན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་དང་མཉམ་དུ་མཉམ་འབྲེལ་མཐུན་སྦྱོར་ཚན་ཁག་བཙུགས་ཏེ། ཞིན་ཀྲིག་ཆུའུ་ཡི་སྨན་བཅོས་དང་མི་ཤུགས། དངོས་རྫས། རླངས་འཁོར་སོགས་ཐོན་ཁུངས་བཀོད་སྒྲིག་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་དང་། ཆུའུ་ཡོངས་ཀྱི་ནད་པ་བསྡུ་ལེན་དང་། ནད་པ་གནས་སྤོར། ནད་པ་སྨན་བཅོས་སོགས་ཀྱི་བྱ་བར་མཐུན་སྦྱོར་བྱས་ལ། ཆུའུ་ཏང་ཨུས་དེར་ལྟ་རྟོག་དང་ལག་བསྟར་བྱས། མིག་སྔའི་བར་དུ། སྨན་བཅོས་རུ་ཁག་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ་ཞེ་དགུ་དང་དུ་བླངས་ནས་སྨན་བཅོས་བྱས་ཟེར།
རང་ཞིང་གི་ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་ཐོག་མས་ཞིན་ཀྲིག་ཆུའུ་བུད་མེད་བྱིས་པའི་བདེ་སྲུང་སྨན་ཁང་དུ་སྨན་བཅོས་དང་འགོ་མཆེད་ཚོད་འཛིན་ཆེད་མཁས་པས་གྲུབ་པའི་སྒྲིག་འཛུགས་ཚན་ཆུང་མངགས་ནས་ནད་ཁུལ་གསར་པའི་གྲ་སྒྲིག་བྱ་བ་བསྒྲུབས། དེ་དང་མཉམ་དུ་ཆུའུ་མི་དམངས་སྨན་ཁང་དུ་སྲོག་ཉེན་ཆེ་བའི་ནད་པའི་སྨན་བཅོས་སྟོབས་ཤུགས་ཀྱི་ཁ་སྣོན་བྱས་ཏེ་སྲོག་ཉེན་ཆེ་བའི་ནད་པའི་སྨན་བཅོས་དངོས་རྫས་ཀྱི་མཁོ་འདོན་དམིགས་སུ་བཟུང་ནས་འགན་སྲུང་བྱས། སྤྱིར་བཏང་སྨན་བཅོས་ཚན་ཁག་གིས་ཆུའུ་ཀྲུང་ལུགས་སྨན་ཁང་ནས་ནད་ཁུལ་གསར་བ་ཞིག་བཙུགས་ཏེ་ནད་རྟགས་ཡོད་པའི་ནད་པར་ནད་བརྟག་སྨན་བཅོས་བྱེད་འགོ་བརྩམས། འགོས་མཆེད་ཚོད་འཛིན་ཆེད་མཁས་པ་དང་སྨན་བཅོས་ཚན་ཁག་གིས་ཆུའུ་ཀྲུང་ལུགས་སྨན་ཁང་གི་སྨན་བཅོས་ཁྲོད་ཞུགས་པའི་སྨན་པ་དང་ནད་གཡོག་པ་ཡོད་ཚད་ལ་འགོག་སྲུང་སྦྱོང་བརྡར་བྱས། ཕྱོགས་མང་པོ་ནས་བསྡུས་པའི་འགོག་སྲུང་དངོས་རྫས་དག་ནད་ཁུལ་སོ་སོར་བསྐྱལ་ལ། བསྡོམས་པས་འགོག་སྲུང་ལྭ་བ་བརྒྱ་དང་སྨན་བཀོལ་ཆང་བཅུད་དམ་བུ་བརྒྱ་དང་ལྔ་བཅུ། དུག་སེལ་གཤེར་ཁུ་དམ་བུ་ལྔ་བཅུ། ནད་སྲིན་དུག་སེལ་གཤེར་ཁུ་དམ་བུ་བརྒྱ་ཐམ་པ་བཅས་བྱིན།
མིག་སྔར། ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་གི་རུ་མི་ཚང་མ་ནད་ཁུལ་སོ་སོར་ཐོན་ཡོད་ལ། དེའི་ནང་དུ་ནད་རིགས་ལྕི་མོའི་ཚན་ཁག་རེ་རེར་ཆེད་མཁས་པ་གཉིས་དང་། སྨན་པ་གཉིས། ནད་གཡོག་བཞི་བཅས་བསྡོམས་པས་མི་ཉེར་བཞི་བཀོད་སྒྲིག་བྱས་ཡོད་ལ། སྤྱིར་བཏང་གི་ནད་ཁུལ་གསུམ་གྱི་ཚན་ཁག་རེ་རེར་སྨན་པ་གཉིས་དང་ནད་གཡོག་བཞི་བཅས་བསྡོམས་པས་མི་ང་བཞི་བཀོད་སྒྲིག་བྱས་ཏེ་ཉིན་རེར་སྐོར་གསུམ་བྱས་ཏེ་ལས་རེས་འཁོར་བཞིན་ཡོད། ནད་ཁུལ་བཞི་བོས་བསྡོམས་པས་ནད་རྟགས་ཡོད་པའི་ནད་པ་ནད་པ་ཉེར་གཅིག་བསྡུ་ལེན་བྱས་པ་དང་། ནད་པ་ཉེར་བརྒྱད་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པར་ངོས་བཟུང་ཞིང་། དེའི་ནང་དུ་ནད་པ་ལྕི་མོ་གཉིས་དང་སྲོག་ཉེན་ཆེ་བའི་ནད་པ་བརྒྱད་ཡོད།