ཟླ་གཉིས་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་ན་འབད་འབུངས་བྱེད་ཀྱིན་པའི་ལས་བཟོ་བར་འཚམས་འདྲི་བྱས།
མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་འབད་འབུངས་ཡར་བརྩོན་དང་རྒྱ་ཆེའི་མང་ཚོགས་ཀྱི་ཕྱར་བ་གྲུ་འདེགས་འོག་ནས། ང་ཚོ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགོ་ཁྲིད་ཀྱིས་སྣེ་ཁྲིད་དང་ཏང་ཡོན་གྱིས་སྣེ་ཁྲིད། ལས་བྱེད་པས་སྣེ་ཁྲིད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་བྱ་བའི་འགྲིལ་ཤུགས་ཆེན་པོ་ཆགས་པར་བྱ་དགོས། སྡེ་ཁུལ་དང་། གྲོང་གསེབ། ཁེ་ལས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། ཆུ་ཚོད་ཉེར་བཞིའི་རིང་འཕྲལ་སྡོམ་ལས་རེས་མཐའ་འཁྱོངས་བྱེད་པ། གནས་ཚུལ་ཁ་གསལ་དང་གཞི་གྲངས་གསལ་པོ་ཡོང་བར་བྱེད་པ། སྔ་ཙམ་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་ཟུར་འཇོག་བྱེད་པ། ཆད་ལུས་མེད་པ་བཅས་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གཏིང་ཟབ་ཅན་དང་ཞིབ་ཚགས་ཅན་དུ་གཏོང་དགོས། འགོག་སྲུང་སྒྲིག་ཆས་བཀོད་སྒྲིག་ཧུར་ཐག་བྱས་ཏེ་སེམས་ཁམས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣ་རང་ངོས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཐོན་པའི་སྔོན་ཐོན་མི་སྣ་དང་དཔེ་མཚོན་གཏམ་རྒྱུད། དཔེ་སྟོན་ནུས་པ་བཅས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གྱིས་སེམས་ནུས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བྱེད་དགོས། ཀྲེ་ཅང་ཞིང་ཆེན་གྱི་སྨན་དོན་མི་སྣའི་རྒྱང་ཁྲིད་གསོ་སྦྱོང་དང་འགོག་སྲུང་དངོས་ཟོག་མཁོ་འདོན་སོགས་ཐད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བརྩོན་ལེན་ཧུར་ཐག་བྱེད་དགོས་ཟེར།